ཟླ7པའི་ཚེས1ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གཉིས་ཀྱིས་ཟི་ལིང་དུ་ཧྲན་ཏུང་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་རིན་ཡིའུ་ཆུན་དང་སློབ་གཙོ་ལིས་ཧྲུའུ་ཚའེ་སོགས་དང་བཞུགས་མོལ་བྱས།
ཝུའུ་ཞའོ་ཅུན་དང་ལུའོ་ཏུང་ཁྲོན་གྱིས་རིན་ཡིའུ་ཆུན་དང་ལིས་ཧྲུའུ་ཚའེ་སོགས་མཚོ་སྔོན་དུ་ཡོང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་། ཧྲན་ཏུང་སློབ་ཆེན་གྱིས་དུས་ཡུན་རིང་པོར་ཤེས་ལྡན་མི་སྣ་གསོ་སྐྱོང་དང་རིག་ཚན་འཛུགས་སྐྲུན། ཚན་ཞིབ་ལས་གཞི་སོགས་ཐད་ནས་མཚོ་སྔོན་ལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུས། ཁོ་ཚོས་བཤད་རྒྱུར། མཚོ་སྔོན་ནི་ལོ་རྒྱུས་སྟེང་གི་འཕེལ་རྒྱས་ཀྱི་དུས་སྐབས་ཆེས་ལེགས་པོར་གནས་ཡོད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ཤེས་ལྡན་མི་སྣ་དང་ལག་རྩལ་གྱི་འདེགས་སྐྱོར་སྔར་ལས་མང་པོ་དགོས་ལ། ཧྲན་ཏུང་སློབ་ཆེན་གྱི་ལོ་རྒྱུས་རིང་བ་དང་རིག་ཚན་ཆ་ཚང་བ། སྟོབས་ཤུགས་ཆེ་བས། ཕྱོགས་གཉིས་ཀྱིས་རང་རང་གི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་དག་གཙང་ནུས་ཁུངས། སྨན་བཅོས་སློབ་གསོ། གནའ་དཔྱད་ཞིབ་འཇུག་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་དྲག་ཏུ་བཏང་ནས། ཞིབ་འཇུག་གླིང་གི་ལས་གཞིའི་འཛུགས་སྐྲུན་ལ་འཆར་འགོད་ཡག་པོ་བྱེད་པ་དང་། མཐུན་སྦྱོར་གཅིག་གྱུར་དང་མཉམ་འདྲེས་འཕེལ་རྒྱས་ཡོང་བར་བྱས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་དགོས།
རིན་ཡིའུ་ཆུན་དང་ལིས་ཧྲུའུ་ཚའེ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་ཐུགས་རྗེ་ཆེ་ཞུས། ཁོ་ཚོས་བསྟན་དོན། ཧྲན་ཏུང་དང་མཚོ་སྔོན་གཉིས་རྨ་ཆུའི་མགོ་རྔ་རུ་ཡོད་པ་དང་། མཉམ་དུ་མཐུན་སྦྱོར་རོགས་རེས་བྱེད་དགོས། ཧྲན་ཏུང་སློབ་ཆེན་གྱིས་ཏང་ཀྲུང་དབྱང་གིས་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཐབས་ཇུས་ཇུས་ཆོད་གལ་ཆེན་ལྟར། བློ་བརྟན་འགྱུར་མེད་ཀྱིས་སློབ་གསོའི་ཐད་ནས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་བྱ་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་དང་སྨན་བཅོས། གནའ་དཔྱད། ནུས་ཁུངས། འགྲིམ་འགྲུལ། ཡུལ་སྐོར་སོགས་ཐད་ཀྱི་ཁྱད་ལྡན་བསླབ་ཚན་གྱི་ལེགས་ཆར་བརྟེན་ནས། ཧྲན་ཏུང་སློབ་ཆེན་གྱི་མཚོ་སྔོན་ཞིབ་འཇུག་གླིང་མཉམ་དུ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་སྟེ། མཚོ་སྔོན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འཇོག་པར་སྐུལ་འདེད་གཏོང་རྒྱུ་ཡིན།
ཁྲིན་ཅི་ཝེ་བཞུགས་མོལ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།