ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་གི་ཏང་ཡོན་འགོ་ཁྲིད་ལས་བྱེད་པར་སློབ་སྦྱོང་སློབ་གསོའི་ཆེད་དོན་ཏང་གི་སློབ་ཁྲིད་བྱས།
2025.07.02 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ7པའི་ཚེས1ཉིན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་བཀོད་སྒྲིག་ལྟར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཞིང་ཆེན་ཡོངས་ཀྱི་སྲིད་གཞུང་མ་ལག་གི་ཏང་ཡོན་ལས་བྱེད་པར་ཆེད་དོན་ཏང་གི་སློབ་ཁྲིད་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་དུ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་མཐའ་གཅིག་ཏུ་དངོས་འབེབས་བྱེད་པ་དང་། འབད་བརྩོན་ལྷོད་མེད་སྒོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ། ཡིད་ཆེས་ཇེ་བརྟན་དང་། དངོས་སྒྲུབ་སྔོན་བརྩོན། སྤྱོད་ཚུལ་ལེགས་པོར་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་ཤུགས་འདོན་དགོས་ཞེས་ནན་གྱིས་བསྟན།

ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པར་དམིགས་ཏེ་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་ཞིང་། གནས་བབ་གསར་པའི་འོག་གི་སྤྱོད་ཚུལ་འཛུགས་སྐྲུན་ཅིའི་ཕྱིར་ནན་འཛིན་བྱེད་དགོས་པ་དང་། ཅི་ཞིག་ནན་འཛིན་བྱེད་དགོས་པ། ཇི་ལྟར་ནན་འཛིན་བྱེད་དགོས་པ་སོགས་ཀྱི་གཞུང་ལུགས་དང་ལག་ལེན་གྱི་དྲི་བ་གལ་ཆེན་ལ་ལན་གསལ་བོ་བཏབ་ཡོད་ལ། མར་ཁེ་སི་རིང་ལུགས་སྲིད་ཏང་འཛུགས་སྐྲུན་གཞུང་ལུགས་ཀྱི་ཡུལ་རྣམ་གསར་པ་བཏོད་ཡོད་པས། དེར་དཔེ་ལྟ་སློབ་སྦྱོང་བྱས་ཏེ་དང་གོ་བ་ཟབ་མོ་ལེན་དགོས་པ་དང་།། སྤྱོད་ཚུལ་འཛུགས་སྐྲུན་དེ་ཏང་གི་ཤི་གསོན་ཆགས་འཇིག་དང་འབྲེལ་ཡོད་པལ། དེའི་ངོ་བོ་ནི་ཏང་གཤིས་གནད་དོན་ཡིན་པ་དང་། སྲོག་ཤིང་ནི་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་འཛིན་བྱེད་པ། གནད་འགག་གི་འགག་སྒོ་ནི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་རྒྱུ་དང་། བྱེད་ཐབས་གལ་ཆེན་ནི་ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་འཛིན་བྱེད་པའི་རྒྱུན་སྐྱོང་རྒྱུ་དེ་ཡིན་ཞིང་། གཞི་གདངས་གསལ་བོ་ནི་ཕྱོགས་ཡོངས་ནས་ནན་མོ་དང་། ནན་མོ་མཐའ་འཁྱོལ་བྱེད་དགོས་པ་དེ་ཡིན་ལ། ལག་ལེན་བླང་བྱ་ནི་ཁག་ཁུར་སྤྱོད་ཚུལ་ཡིན་པ་བཅས་ལ་གོ་བ་ཟབ་མོ་བླངས་ཏེ།  སྤྱོད་ཚུལ་འཛུགས་སྐྲུན་ལ་ཤུགས་སྣོན་པའི་བསམ་བློའི་རང་རྟོགས་དང་ཆབ་སྲིད་རང་རྟོགས། བྱ་སྤྱོད་རང་རྟོགས་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས།

ལུའོ་ཏུང་ཁྲོན་གྱིས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱིས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་བཏང་བར་མ་ཟད། ལྷག་ཏུ་མཚོ་སྔོན་ལ་འགྱུར་ལྡོག་གཏིང་ཟབ་གཏོང་བཞིན་ཡོད། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་རྒྱུ་ནི་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་ཡིན་པར་མ་ཟད། ལྷག་ཏུ་མཚོ་སྔོན་གྱི་འཕེལ་རྒྱས་དགོས་མཁོ་དང་མཐུན། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ན་སྒྲིག་སྲོལ་བརྩི་སྲུང་ནན་མོ་བྱེད་དགོས་པ་མ་ཟད། ལྷག་ཏུ་ཁག་ཁུར་དང་བྱེད་ཕྱོགས་མངོན་པར་བྱེད་དགོས། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་དང་དམིགས་བྱའི་འདུ་ཤེས་ཇེ་བརྟན་དུ་བཏང་སྟེ། དམིགས་བསལ་སྨྲ་བ་དང་ཁ་གསབ་སེམས་ཁམས་མཐའ་གཅིག་ཏུ་སེལ་བ་དང་། སྒྲིག་འགལ་ཟ་འཐུང་སོགས་གནད་དོན་འབུར་ཐོན་བཅོས་སྐྱོང་བྱེད་ཤུགས་གཏིང་ཟབ་ཏུ་བཏང་ནས་སྤྱོད་ཚུལ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བའི་རྣམ་པ་མུ་མཐུད་ལེགས་ཕྱོགས་སུ་འཕེལ་བར་བྱེད་དགོས། སྔར་ལས་རང་རྟོགས་སྒོས་སྒྲིག་སྲོལ་བརྩི་སྲུང་དང་ཁག་ཁུར་སྤྱོད་ཚུལ་གཅིག་གྱུར་ཡོང་བ་བྱས་ཏེ། ནུས་ཤུགས་གཅིག་བསྡུས་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། དཔལ་འབྱོར་བཟང་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་བ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་པ། སྔར་ལས་ཁྱོན་ཡོངས་དང་གཏིང་ཟབ་སྒོས་བཅོས་སྒྱུར་སྒོ་འབྱེད་རྒྱ་སྐྱེད་གཏོང་བ། བདེ་འཇགས་ཀྱི་རྣམ་པ་གསར་པ་བསྐྲུན་པ། དམངས་ཚིས་འགན་སྲུང་དང་ལེགས་བཅོས་བྱས་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་པ་དང་འགུལ་སྐྱོད་པ། དངོས་སྒྲུབ་པ་བཅས་བཟང་པོ་ཞིག་བྱས་ཏེ། རྒྱུན་ཆད་མེད་པར་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་བའི་དོན་དངོས་གྲུབ་འབྲས་སུ་འགྱུར་བར་བྱེད་དགོས་ཤིང་། ལོ་ཧྲིལ་བོའི་དམིགས་འབེན་ལས་འགན་བདེ་བླག་ངང་ཡོངས་འགྲུབ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མཇུག་ཡག་པོར་བསྡུ་བར་ཁག་ཐེག་བྱས་ནས། སེམས་ཤུགས་གཅིག་སྒྲིལ་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་དགོས།

ཀྲང་ཅིན་ཀང་གིས་འགོ་འཛིན་བྱས། ཆེད་དོན་ཏང་གི་སློབ་ཁྲིད་དེ་བརྙན་རིས་གྲོས་ཚོགས་ཀྱི་རྣམ་པས་བསྡུས་པ་དང་། གྲོང་ཁྱེར་དང་ཁུལ་སོ་སོར་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་སོ་སོ་དང་། ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ། དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། ཞིང་ཆེན་སྲིད་གཞུང་གི་སྡེ་ཁག་སོ་སོ། ཐད་གཏོགས་ཆེད་བཙུགས་ལས་ཁུངས། ཐད་གཏོགས་ལས་ཁུངས། མངགས་གཏོང་ལས་ཁུངས། སྡེ་ཁག་དོ་དམ་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་རིམ་སློབ་གྲྭ་དང་རྒྱལ་དབང་ཁེ་ལས། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་སྨྱན་བྱད་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ཚོགས་ར་གཙོ་བོ་ནས་སློབ་ཁྲིད་ལ་ཉན།

རིག་འཛིན་སྒྲོལ་མས་བསྒྱུར།