ཝང་ཧུའུ་ཉིང་གིས་པའོ་ཧེ་གྲོས་ཁང་འཐུས་ཚབ་གླིང་གི་ཀྲུའུ་ཞི་གཞོན་པར་མཇལ་འཕྲད་གནང་།
2025.07.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་ཚེས1ཉིན་པེ་ཅིང་དུ་པའོ་ཧེ་གྲོས་ཁང་འཐུས་ཚབ་གླིང་གི་ཀྲུའུ་ཞི་གཞོན་པ་ཁྲ་ཝ་ལཱར་མཇལ་འཕྲད་གནང་།

ཝང་ཧུའུ་ཉིང་གིས་ཉེ་བའི་ལོ་འདི་དག་གི་རིང་ལ། ཀྲུའུ་ཞི་ཞི་ཅིན་ཕིང་དང་པའོ་ཧེ་ཀྲུའུ་ཞི་ཚོགས་པའི་འཐབ་ཇུས་སྣེ་ཁྲིད་འོག་ཏུ། རྒྱལ་ཁབ་གཉི་གའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་ལ། དཔལ་འབྱོར་མཉམ་ལས་ཐད་ཡང་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད་ཅིང་། མི་གཞུང་རིག་གནས་བརྗེ་རེས་ཀྱི་འབྲེལ་བའང་དེ་བསྟུན་ཇེ་དམ་དུ་གྱུར་ཡོད། ད་ལོ་ནི་ཀྲུང་གོ་དང་པའོ་ཧེ་ཡི་བར་འབྲེལ་བ་བཙུགས་ནས་ལོ30འཁོར་བའི་ལོ་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་པའོ་ཧེ་ཀྲུའུ་ཞི་ཚོགས་པའི་རེས་སྐོར་ཀྲུའུ་ཞི་ཚི་ཝེ་ཡ་ནའོ་ཝའེ་ཆི་ཡིས་ཕན་ཚུན་བར་རྟེན་འབྲེལ་གློག་འཕྲིན་སྤྲིངས། ཀྲུང་གོ་ཕྱོགས་ཀྱིས་པའོ་ཧེ་ཕྱོགས་དང་མཉམ་དུ། རྒྱལ་ཁབ་གཉི་གའི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ཏེ། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་ཕན་ཚུན་བརྩི་འཇོག་བྱེད་པ། གཉིས་ཕན་མཉམ་རྒྱལ་བཅས་ཀྱི་རྨང་གཞིའི་སྟེང་དུ་མཉམ་ལས་ཟབ་སྤེལ་བྱེད་འདོད་ཡོད་ལ། ཀྲུང་གོའི་རྒྱལ་ཡོངས་སྲིད་གྲོས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་བྱས་རྗེས་གསར་བ་འཇོག་འདོད་ཡོད་ཅེས་གསུངས།

ཁྲ་ཝ་ལཱ་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་བསྐྲུན་པའི་འདུ་ཤེས་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་བསྔགས་བརྗོད་ཆེན་པོ་གནང་བ་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་ཀྲུང་གོས་བླངས་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གདེང་འཇོག་ཆེན་པོ་བྱས། ཁོས་པའོ་ཧེ་ཡིས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ངང་ལག་བསྟར་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་ཟབ་སྤེལ་བཏང་ནས།  རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་འཕེལ་རྒྱས་གསར་བ་འབྱུང་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

ཝང་ཏུང་ཧྥུན་སོགས་མཇལ་འཕྲད་ལ་ཞུགས།