ཟླ7པའི་ཚེས1ཉིན། རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ངལ་རྩོལ་དང་དཔལ་འབྱོར་བྱ་བའི་པུའུ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་འགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པའི“བཟོ་བོ་ཤེས་ལྡན་པ་སྐྱེད་སྲིང་དང་ངལ་རྩོལ་དཔེ་ལེགས་ཅན་མཚོ་སྔོན་དུ་བསྐྱོད་པའི”བྱས་རྗེས་མཉམ་སྤྱོད་ཚོགས་འདུ་ཟི་ལིང་དུ་འཚོགས། ཀྲུང་ཧྭ་རྒྱལ་ཡོངས་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའི་འགན་ཞོར་དུ་ཁུར་མཁན་ཀའོ་ཧྥེང་ལིན་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་ཝང་ཏཱ་ནན་གྱིས་ཤིས་ཚིག་ཕུལ།
ཐེངས་འདིའི་མཉམ་སྤྱོད་ཚོགས་འདུའི་བརྗོད་དོན་གཙོ་བོ་ནི“བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་དེ་ཡིན་ལ་ངལ་རྩོལ་དཔེ་ལེགས་ཅན6གིས་སོ་སོར་རང་རང་གི་ཁྱབ་ཁོངས་སུ་བླངས་བའི་ཕུལ་བྱུང་གྲུབ་འབྲས་དང་རྩ་ཆེའི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། ཕྱོགས་མང་པོའི་ཐད་ནས་དུས་རབས་གསར་པའི་ངལ་རྩོལ་དཔེ་ལེགས་ཅན་གྱིས་འབད་འཐབ་བྱས་ཏེ་རྒྱུན་ཆད་མེད་པར་རང་ཉིད་ལས་བརྒལ་བ་དང་། འབད་འཐབ་གོ་རིམ་ཁྲོད་ཀྱི་ངོ་མཚར་ཆེ་བའི་མི་ཚེའི་བསམ་པའི་ཉམས་འགྱུར་དང་འགན་འཁྲི་འཁུར་བའི་ཆོད་སེམས་བརྗོད། ངལ་རྩོལ་དཔེ་ལེགས་ཅན4དང་མཚོ་སྔོན་ཁེ་ལས་ཀྱི་ལས་ཡུལ་དང་པོར་ཡོད་པའི་ལས་བཟོ་བ4ཡིས་ཐོན་སྐྱེད་ཀྱི་གོ་རིམ་ཁྲོད་འཕྲད་པའི་ལག་རྩལ་གནད་དོན་ལ་དམིགས་ནས་བསམ་ཚུལ་རྗེས་རེས་བྱས་ཏེ། བློ་རྩེ་གཅིག་སྒྲིམ་དང་། ཕན་འབྲས་དོན་གཉེར། སྣང་ཆུང་སྤུ་ཙམ་ཡང་མི་བྱེད་པ། ཕུལ་བྱུང་བརྩོན་ལེན་བཅས་ཀྱི་བཟོ་བོའི་སྙིང་སྟོབས་གསལ་བཤད་བྱས། ངལ་རྩོལ་དཔེ་བཟང་བའི་འཐུས་མིས་གྲོས་འགོའི་ཡི་གེ་སྒྲོག་འདོན་བྱས་པ་དང་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བཟོ་པས་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་ལེགས་ཅན་དང་རྒྱལ་ཁབ་ཆེན་པོའི་བཟོ་བར་སློབ་སྦྱོང་བྱས་ཏེ་སྙིང་སྟོབས་རྒྱུན་འཛིན་བྱེད་པ། མཚོ་སྔོན་གྱི་ལག་ལེན་དངོས་ཀྱི་འགག་སྒྲོལ་པ། རྩལ་ནུས་མཉམ་འདྲེས་ཀྱི་གསར་གཏོད་པ། བཅོས་སྒྱུར་འཕེལ་རྒྱས་ཀྱི་སྔོན་སྐྱོད་པ་བཅས་བརྩོན་ལེན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཉེ་བའི་ལོ་འགའི་རིང་། མཚོ་སྔོན་བཟོ་ཚོགས་ཀྱིས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཏེ། ལས་བཟོ་པའི་བསམ་བློ་དང་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ངལ་རྩོལ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་། ངལ་རྩོལ་སྙིང་སྟོབས། བཟོ་བོའི་སྙིང་སྟོབས་བཅས་དར་སྤེལ་ཤུགས་ཆེན་གཏོང་བ། ཐོན་ལས་བཟོ་པའི་དཔུང་ཁག་འཛུགས་སྐྱོང་དང་བཅོས་བསྒྱུར་མུ་མཐུད་ཟབ་སྤེལ་བྱེད་པ། ངལ་རྩོལ་དཔེ་ལེགས་ཅན་དང་ས་མཐོའི་བཟོ་བ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ལག་རྩལ་ཤེས་ལྡན་མི་སྣའི་འདེགས་སྐྱོར་འདོན་སྤྲོད་བྱས་ཡོད།
ཚེ་མགོན་རྒྱལ་གྱིས་བསྒྱུར།