ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ན་གཞོན་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མ་ཡོངས་ལ་འཚར་ལོངས་ཀྱི་མཛུབ་ཁྲིད་རབ་དང་རིམ་པ་གནང་སྟེ། རང་རྒྱལ་གྱི་རྒྱ་ཆེའི་ན་གཞོན་རྣམས་ཀྱིས་མི་དམངས་དུང་ཕྱུར་མང་པོ་དང་མཉམ་དུ་འབད་འཐབ་བྱས་ཏེ། དུས་རབས་གསར་པའི་ལང་ཚོའི་བསྟོད་གླུ་འབྲི་དགོས་པའི་སྐུལ་ལྕག་གནང་། ཏང་གི་ན་གཞོན་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཆ་ནས། རིམ་པ་སོ་སོའི་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མར་མཐུན་སྒྲིལ་བྱེད་པར་རྩ་འཛུགས་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་གཅེས་སྐྱོང་། བཀའ་སློབ་གནང་བ་བཅས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ཁྲོད་ཞུགས་པའི་འགྱུར་མེད་དད་འདུན་དུ་བསྒྱུར་དགོས་ཤིང་། ཏང་དང་བློ་སེམས་གཅིག་སྒྲིལ་དང་། ཏང་དང་འབད་འཐབ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ལང་ཚོའི་སྟོབས་ཤུགས་འབུལ་དགོས།
ལོ་གཅིག་གི་སློབ་མཐར་ཕྱིན་པའི་དུས་ཚིགས་སུ་སླེབས་པ་དང་། མཐོ་རིམ་སློབ་གྲྭ་ཁག་གིས་ནང་དོན་ཕུན་སུམ་ཚོགས་ལ་རྣམ་པ་སྣ་ཚོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། མཛེས་སྡུག་གི་འཚོ་བར་སྙེག་པའི་རྒྱ་ཆེའི་མཐར་ཕྱིན་སློབ་མས་བྱ་སྤྱོད་དངོས་ལ་བརྟེན་ནས“ཏང་གི་བློ་སེམས་བདེ་མོ་བྱོས། རྒྱལ་ཁབ་སྟོབས་ལྡན་དུ་གཏོང་བར་ང་རང་ཡོད”ཅེས་པའི་ལང་ཚོའི་དམ་བཅའ་ལག་ཏུ་བསྟར་རྒྱུར་ལྕག་སྐུལ་བྱས། ནན་ཁའེ་སློབ་ཆེན་གྱི་སློབ་མ་ཀྲང་དབྱི་ཏན་སློབ་མཐར་ཕྱིན་རྗེས་ཀྱི་གདམ་ག་དང་པོ་ནི་ནུབ་རྒྱུད་དུ་སློབ་སྐྱོར་བྱེད་པར་འགྲོ་རྒྱུ་དེ་རེད།
ནན་ཁའེ་སློབ་ཆེན་དཔལ་འབྱོར་སློབ་གླིང་གི2025ལོའི་དངོས་གཞིའི་མཐར་ཕྱིན་སློབ་མ་ཀྲང་དབྱི་ཏན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྔོན་ཆད་ང་ཚོ་ན་གཞོན་རྣམས་ལ་མངག་བཅོལ་གནང་མྱོང་སྟེ། སློབ་སྦྱོང་གི་ཞིབ་ཕྲའི་དམིགས་འབེན་དེ་མི་རིགས་བསྐྱར་དར་གྱི་རླབས་ཆེན་དམིགས་འབེན་དང་ཟུང་འབྲེལ་བྱས་ཏེ་དེའི་ཆེད་དུ་འབད་འཐབ་བྱེད་དགོས། ངས་སློབ་གྲྭའི་སློབ་སྐྱོར་ཚོགས་པར་མིང་ཐོ་བཀོད་དེ། ཀན་སུའུ་ཞིང་ཆེན་ཀྲོང་ལང་རྫོང་སློབ་འབྲིང་བཞི་པར་སློབ་སྐྱོར་ལོ་གཅིག་བྱེད་དུ་འགྲོ་དགོས་ཤིང་། ཀྲུང་གོར་རྒྱུས་ལོན་དང་ཀྲུང་གོར་ཞབས་ཞུ་བསྒྲུབ་པའི་ལག་ལེན་ཁྲོད་ལང་ཚོའི་རྒྱུགས་ལན་འབྲི་དགོས་ཟེར།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ན་གཞོན་བྱ་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཁོང་གིས་ན་གཞོན་རྣམས་ལ་འཕྲིན་ལན་ཐེངས་མང་པོར་སྤྲིངས་ཏེ། མཐོ་རིམ་སློབ་གྲྭར་རྟོག་ཞིབ་གནང་བར་ཕེབས་ལ། ན་གཞོན་རྣམས་དང་བརྩེ་བའི་ངང་དགོངས་འཆར་བརྗེ་རེས་མཛད། ཕུགས་བསམ་དང་མི་ཚེ། འབད་འཐབ་བཅས་ཀྱི་གླེང་མོལ་མཛད་དེ། དུས་རབས་གསར་པའི་ན་གཞོན་ཚོར། འབད་འཐབ་ཁྲོད་ལང་ཚོའི་སྤྲོ་སེམས་འཕེལ་བ་དང་ལང་ཚོའི་ཕུགས་འདུན་འཚོལ་སྙེག་བྱེད་པ། ལང་ཚོ་དང་འབད་འཐབ་ལ་བརྟེན་ནས། མི་རིགས་བསྐྱར་དར་དང་མེས་རྒྱལ་འཛུགས་སྐྲུན་གྱི་ཆེད་དུ་སྟོབས་ཤུགས་འབུལ་དགོས་པའི་མངག་བཅོལ་གནང་།
ཁོང་གིས་སྐུ་དངོས་སུ་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ན་གཞོན་འཕེལ་རྒྱས་གཏོང་བའི་འཆར་འགོད་ཨང་དང་པོ་མཛུབ་སྟོན་གཏན་འབེབས་བྱས་ཤིང་། གུང་གཞོན་ཚོགས་པ་དང་ན་གཞོན་མཉམ་འབྲེལ་ལྷན་ཚོགས། སློབ་མའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱི་སློབ་མའི་ཚོགས་པའི་རྩ་འཛུགས་བཅོས་བསྒྱུར་ལ་དངོས་སུ་བཀོད་སྒྲིག་གནང་བ་སོགས་སྤྱི་ཁྱབ་ཧྲུའུ་ཅིའི་མཛུབ་སྟོན་འོག བྱེད་ཐབས་རེ་རེ་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ལྟར་གྱུར་ནས། དུས་རབས་གསར་པའི་ན་གཞོན་རྣམས་ཀྱི་ཕུགས་འདུན་མངོན་པར་བྱས།
རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་གསུམ་པའི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་སྐབས་ཉེར་བདུན་པའི་ཀྲུའུ་ཞི་ཞུའེ་ཧུའེ་ཡིས་བཤད་རྒྱུར། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཅངས་ནས། ཕུགས་བསམ་དང་དད་འདུན་ཇེ་བརྟན་དུ་གཏོང་བ་དང་། བློ་རྩ་བརྟན་པོས་བཅོས་བསྒྱུར་ཡར་བརྩོན་བྱེད་པ། ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་། འཚར་ལོངས་འཕེལ་རྒྱས་ཞབས་ཞུ་སོགས་ཀྱི་ཐད་སྣེ་ཁྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ། ཞབས་ཞུའི་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས། རྒྱ་ཆེའི་ན་གཞོན་སློབ་མ་རྣམས་ལ་སྔར་ལས་མཐུན་སྒྲིལ་དང་སྐུལ་སློང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་འཁུར་དགོས་ཟེར།
བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་བཏང་སྟེ། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས“ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་སློབ་ཁྲིད”དང་། “ལང་ཚོ་དར་ལ་བབས་དུས་དཔེ་དེབ་བཟང་པོ་ཀློག་་”སོགས་ཀྱི་བྱེད་སྒོ་མུ་མཐུད་དུ་སྤེལ་ཏེ། ཏང་གི་གསར་གཏོད་ཀྱི་གཞུང་ལུགས་སེམས་སུ་ཉར་ནས་ན་གཞོན་རྣམས་འཚར་ལོངས་ཡོང་བའི་ལམ་བུར་ཁྲིད་སྟོན་བྱེད་དགོས།
ན་གཞོན་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་ཞབས་འདེགས་ཞུ་དགོས་ཏེ། རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱིས“ན་གཞོན་ཚན་རིག་པ་བརྒྱ་གྲོང་དུ་བསྐྱོད་པ”དང་། “ཞང་ཀང་དང་ཨའོ་མོན་གྱི་ན་གཞོན་ཚོས་མེས་རྒྱལ་ལ་བལྟ་བ། ”“ངས་སློབ་མའི་ཆེད་དུ་དོན་དངོས་སྒྲུབ་པ”སོགས་ཀྱི་བྱེད་སྒོ་གསར་གཏོད་དང་ལག་བསྟར་བྱས་ཏེ། ན་གཞོན་ཚོས་སྙིང་རུས་ཆེན་པོས་སློབ་སྦྱོང་དང་གསར་གཏོད་ལས་སྐྲུན། འབད་བརྩོན་ཧུར་ཐག མི་ཚེའི་རིན་ཐང་མངོན་འགྱུར་བྱེད་པ་བཅས་ལ་སྐུལ་ལྕག་བྱས།
དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ཀྱིས་ཚན་རྩལ་གསར་གཏོད་དང་གྲོང་གསེབ་དར་སྤེལ། ལྗང་མདོག་འཕེལ་རྒྱས། སྤྱི་ཚོགས་ཞབས་ཞུ། རྒྱལ་སྲུང་མཐའ་སྲུང་སོགས་ཁྱབ་ཁོངས་སོ་སོ་རུ་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འགན་འཁྲི་འཁུར་བཞིན་ཡོད།
ཧྲང་ཧའེ་ཡི“དཔེ་འགྲོས་བར་སྟོང”གསར་གཏོད་སྐྱེ་ཁམས་མཁར་སྡེ་རུ། ན་གཞོན་ལས་སྐྲུན་ཚོགས་པ་རེ་རེ་ཡིས་རང་རྒྱལ་གྱིས་བཟོས་པའི་དཔེ་དབྱིབས་ཆེན་པོའི་སྲོག་ཤིང་ལག་རྩལ་དང་བཀོལ་སྤྱོད་རྣམ་པ་ལ་དམིགས་ནས་མཁྲེགས་གཏོར་བྱེད་བཞིན་ཡོད། ཧི་པེ་ཧན་ཏན་དུ། ཀྲུང་གོའི་ཞིང་ལས་སློབ་ཆེན་ཆུས་ཀྲོའུ་ཚན་རྩལ་གླིང་ཆུང་གི་ན་གཞོན་སློབ་མ་རྣམས་ཀྱིས་དབྱར་འདེབས་ལ་དམིགས་ནས་ལྡོག་འགོག་རང་བཞིན་སོགས་ཀྱི་ལག་རྩལ་མཁྲེགས་གཏོར་བྱས་ཏེ་སྟོན་འབྲུའི་ཐོན་ཚད་མཐོ་རུ་བཏང་། ཀོང་ཞི་ཕིན་ལུའུ་མིས་བཟོས་གཙང་པོའི་བརྒྱུད་ལམ་ཡོངས་སུ། ན་གཞོན་འཕྲལ་སྒྲུབ་རུ་ཁག་ང་བཞིའི་ན་གཞོན་ཉིས་སྟོང་ཡས་མས་ཤིག་གིས་འཛུགས་སྐྲུན་གྱི་ཡུལ་དངོས་དང་པོ་བརྟན་སྲུང་བྱས་ནས། ཁྱབ་ཁོངས་སོ་སོ་རུ་ནུས་ཤུགས་ཡོད་རྒུས་མཁྲེགས་གཏོར་བྱས།
2025ལོའི་ཀྲུང་གོའི་ན་གཞོན་ལྔ་བཞིའི་ཐུན་མོང་གཟེངས་རྟགས། ཕིང་ལུའུ་མིས་བཟོས་གཙང་པོའི་ན་གཞོན་འཕྲལ་སྒྲུབ་རུ་ཁག་གི་རུ་མི་ཕན་ཅན་གྱིས་བཤད་རྒྱུར། ང་ཚོས་ཡོན་ཧྲིའི་ཚོགས་པ་དང་མཉམ་འབྲེལ་བྱས་ཏེ་ཞིང་ཆེན་གྱི་གྲུ་འགག་སྲོག་ཤིང་ལག་རྩལ་གྱི་དཀའ་གནད་སྒྲོལ། དེང་སྐབས། ཕིང་ལུའུ་མིས་བཟོས་གཙང་པོ་འཛུགས་སྐྲུན་གནད་འགག་གི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོས་ཐོག་མཐའ་བར་གསུམ་དུ་དངོས་དོན་གཉེར་བ་གཙོ་བོར་འཛིན་པ་དང་། གསར་གཏོད་བླ་སྲོག་ཏུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། གོམ་པ་རེ་རེ་བཞིན་ནུབ་རྒྱུད་ཀྱི་སྐམ་ས་དང་རྒྱ་མཚོའི་བགྲོད་ལམ་གསར་པ་འཛུགས་སྐྲུན་བྱེད་པར་ལང་ཚོའི་སྟོབས་ཤུགས་འབུལ་དགོས་ཟེར།
ཀྲུང་གོ་ཞིང་ལས་སློབ་ཆེན་ཆུས་ཀྲོའུ་ཚན་རྩལ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མ་ཏུའུ་ཡན་པིན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོར་ཞིང་ལས་ལ་དགའ་བའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་ནས། ཞིང་ལས་དར་རྒྱས་གཏོང་བའི་ནུས་པ་སྦྱངས་ཏེ་གྲོང་གསེབ་དར་སྤེལ་གཏོང་བའི་གར་སྟེགས་ཆེན་པོའི་སྟེང་བྱས་རྗེས་འཇོག་དགོས་པའི་ཐུགས་རེ་བཏོན་ཡོད། དུས་རབས་གསར་པའི་ཞིང་ལས་རིག་པའི་ན་གཞོན་ཞིག་ཡིན་པའི་ཆ་ནས། ང་ཚོས་དངོས་སྒྲུབ་ལ་བརྟེན་ནས་འབྲུ་རིགས་ཀྱི་ཐོན་ཚད་མུ་མཐུད་ནས་ཇེ་མཐོར་གཏོང་བ་དང་། རྒྱ་ཆེའི་ཞིང་པའི་ཡོང་འབབ་མུ་མཐུད་ནས་ཇེ་མང་དུ་བཏང་སྟེ། ལང་ཚོའི་རྐང་རྗེས་ཡངས་ཤིང་རྒྱ་ཆེ་བའི་ཞིང་ནང་དུ་འཇོག་དགོས་ཟེར།
ཧྲང་ཧའེ་ཡི“དཔེ་འགྲོས་བར་སྟོང”གསར་གཏོད་སྐྱེ་ཁམས་མཁར་སྡེ་ཏང་ཨུའི་ཧྲུའུ་ཅི་ཧྲང་ཧའེ་གྲོང་ཁྱེར་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་ཨུ་ཡོན་ཀྲང་ཡུན་གྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིས་བཟོས་རིག་ནུས་ནི་ལོ་ན་གཞོན་པའི་བྱ་གཞག་ཅིག་ཡིན་ལ། ན་གཞོན་རྣམས་ཀྱི་བྱ་གཞག་ཅིག་ཀྱང་ཡིན། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་ནི་གཞོན་རབས་པས་འཇོན་ཐང་མངོན་པ་དང་ནུས་ཤུགས་གང་ཡོད་འདོན་པའི་དུས་སྐབས་བཟང་བོ་ཞིག་ཡིན། ང་ཚོས་དཔེ་དབྱིབས་ཆེན་པོ་གསར་གཏོད་དང་སྐྱེ་ཁམས་འཛུགས་སྐྱོང་ལ་སྐུལ་འདེད་གང་མགྱོགས་གཏོང་བཞིན་ཡོད། དངོས་ཡོད་ཀྱི་གསར་གཏོད་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ལྟར་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བའི་དུས་རབས་ཀྱི་རྒྱུགས་གཞི་ལ་ལན་ཡག་པོ་འདེབས་དགོས་ཟེར།
མ་འོངས་པར་ཁ་ཕྱོགས་ཏེ། གུང་གཞོན་ཚོགས་པ་དང་ན་གཞོན་མཉམ་འབྲེལ་ལྷན་ཚོགས། སློབ་མའི་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཀྲུང་གོའི་ན་གཞོན་ལས་འགུལ་གྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། ཕུགས་འདུན་ཆེན་པོ་བཅངས་པ་དང་ཏན་ཏན་ཏིག་ཏིག་སྒོས་ཆབ་སྲིད་རང་བཞིན་དང་སྔོན་ཐོན་རང་བཞིན། མང་ཚོགས་རང་བཞིན་བཅས་རྒྱུན་འཁྱོངས་བྱས་ནས། མུ་མཐུད་དུ་ན་གཞོན་རྣམས་ལ་མཐུན་སྒྲིལ་དང་། སྣེ་ཁྲིད། ཞབས་ཞུ་བྱས་ནས་འཚར་ལོངས་ཡོང་བར་བྱས་ཏེ། མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་ཐུབ་པའི་དུས་རབས་ཀྱི་མི་གསར་པ་ཞིག་ཏུ་བསྒྱུར་བ་དང་། འབད་འཐབ་ཡར་བརྩོན་དང་དཔའ་ངར་འགན་སྒྲུབ་ལ་བརྟེན་ནས་དུས་རབས་གསར་པའི་ན་གཞོན་གྱི་ལང་ཚོའི་ང་རོ་བར་མེད་དུ་སྒྲོག་ངེས་ཡིན།