ཉེ་ལམ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་གོ་ཆིང་གིས་ཧུའུ་པའེ་རུ་བཟོ་སྐྲུན་ལས་རིགས་ཚུལ་སྒྱུར་རིམ་སྤོར་དང་གསར་གཏོད་འཕེལ་རྒྱས་སོགས་ཀྱི་བྱ་བར་རྟོག་ཞིབ་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཤུགས་འདོན་ས་དེ་དངོས་གཞིའི་དཔལ་འབྱོར་སྟེང་འཇོག་པ་རྒྱུན་འཁྱོངས་བྱེད་དགོས་ཤིང་། གསར་དར་བཟོ་ལས་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བཟོ་བསྐྲུན་ལས་རིགས་རྩེ་རིམ་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ལ། ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་བཏང་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་དང་དགེ་མཚན་གསར་པ་རྒྱུན་ཆད་མེད་པར་གསར་བསྐྲུན་བྱེད་དགོས།
ཟླ7པའི་ཚེས1ཉིན་ནས་ཚེས2བར། ཀྲང་གོ་ཆིང་སྔ་གཞུག་ཏུ་མཁའ་འགྲུལ་སྒྲིག་ཆས་དང་། རྒྱུ་ཆ་གསར་པ། འཕྲུལ་ཆས་སྒྲིག་གཞི། ནུས་ཁུངས་གསར་པའི་གློག་རྫས་སོགས་བཟོ་བསྐྲུན་ལས་རིགས་ཁེ་ལས་སུ་རྟོག་ཞིབ་བྱས་ཤིང་། གསར་གཏོད་གསར་སྤེལ་དང་། ཐོན་སྐྱེད་བདག་གཉེར། ལས་རིགས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་ཆེན་པོས་སྐུལ་འདེད་གཏོང་བ་དང་། གཞི་གྲངས་དཔལ་འབྱོར་དང་དངོས་གཞིའི་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཡོང་བར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། བཟོ་བསྐྲུན་ལས་རིགས་འཕེལ་རྒྱས་ཀྱི་རྣམ་པ་ལེགས་པོ་དང་འཛམ་གླིང་ཡོངས་ཀྱི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། སྲོལ་རྒྱུན་ཐོན་ལས་སྤུས་འདེགས་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ། བཟོ་བསྐྲུན་ལས་རིགས་ཀྱི་གལ་ཆེའི་ལག་རྩལ་བཅོས་སྒྱུར་རིམ་སྤོར་དང་གཞི་རྒྱ་ཆེ་བའི་སྒྲིག་ཆས་གསར་སྒྱུར་བཟོ་བསྐྲུན་ལག་བསྟར་གཏིང་ཟབ་བྱས་ཏེ། སྒྲིག་ཆས་རིམ་སྤོར་དང་། བཟོ་རྩལ་ལེགས་སྒྱུར། དོ་དམ་གསར་གཏོད་བཅས་ལ་སྐུལ་འདེད་བཏང་ནས་རྒྱུ་རྐྱེན་ཡོངས་ཀྱི་ཐོན་སྐྱེད་ལས་ཕྱོད་ཇེ་མཐོར་གཏོང་དགོས། ཚན་རྩལ་དགེ་མཚན་ཤུགས་དྲག་ཏུ་བཏང་སྟེ། ཚན་རྩལ་གྲུབ་འབྲས་ཐོན་ལས་ཅན་གྱི་བཀོད་སྤྱོད་ལ་སྐུལ་འདེད་གཏོང་བ་དང་། རིག་ནུས་བཟོ་བསྐྲུན་གཙོ་གནད་བཟུང་བར་བརྟེན་ལས་རིགས་དྲང་འཕྱང་དཔེ་དབྱིབས་མྱུར་དུ་གསོ་སྐྱོང་བྱས་ནས། མི་ཐབས་རིག་ནུས་བཟོ་བསྐྲུན་ལས་རིགས་ཁྲོད་རྒྱ་ཆེར་བཀོལ་སྤྱོད་བྱས་པ་བརྒྱུད་སྤུས་གསར་ཐོན་སྐྱེད་ནུས་ཤུགས་སུ་འགྱུར་བར་བྱེད་དགོས། རྒྱུ་རྐྱེན་འགན་སྲུང་ཤུགས་དྲག་ཏུ་བཏང་སྟེ། ཐོན་ཁུངས་སྔར་ལས་མང་པོ་དང་ནུས་ཚད་སྔར་ལས་ཆེ་བ། ཁ་གཏད་རང་བཞིན་སྔར་ལས་དྲག་པའི་སྒོ་ནས་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཐུན་མོང་དང་གཙོ་གནད་ཐོན་ལས་ཕྲེང་འབྲེལ་ཐུན་མོང་གསར་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ཀྲང་གོ་ཆིང་གིས་ནན་གྱིས་བསྟན་དོན། ཁེ་ལས་ནི་ཐོག་མའི་ལག་རྩལ་གྱི་འབྱུང་རྩ་ཡིན་ལ། ཐོན་ལས་གསར་གཏོད་ཀྱི་ལག་བསྟར་པ་ཡིན་པས། ཁེ་ལས་གསར་གཏོད་ཀྱི་གོ་གནས་གཙོ་བོ་སྔར་ལས་ཤུགས་དྲག་ཏུ་བཏང་སྟེ། གསར་གཏོད་ཕྲེང་འབྲེལ་དང་ཐོན་ལས་ཕྲེང་འབྲེལ་སྦྲེལ་མཐུད་པར་སྐུལ་འདེད་གཏོང་དགོས། ཁེ་ལས་གཙོ་ཁྲིད་དུ་བྱས་པའི་ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ། ལས་རིགས་ཐུན་མོང་རང་བཞིན་གྱི་ལག་རྩལ་སྟེགས་བུ་འཛུགས་པ་ཇེ་མགྱོགས་སུ་གཏོང་བ་དང་། གནད་འགག་ཐུན་མོང་རང་བཞིན་གྱི་ལག་རྩལ་དང་གནད་འགག་སྲོག་ཤིང་ལག་རྩལ་འགག་སྒྲོག་བྱེད་པར་ཤུགས་བསྣན་ནས། བར་དཀྱིལ་ཚོད་ལྟ་ཞབས་ཞུའི་མཁོ་འདོན་སྦྲེལ་མཐུད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཚན་རྩལ་གྲུབ་འབྲས་ཚུལ་སྒྱུར་བཀོལ་སྤྱོད་རྒྱུ་ལམ་གེགས་མེད་ཡོང་བར་བྱེད་དགོས། ལག་རྩལ་གསར་པ་དང་ཐོན་རྫས་གསར་པ་འགྲེམ་སྤེལ་བཀོལ་སྤྱོད་བྱེད་པར་ཤུགས་བསྣན་ཏེ། བཀོལ་སྤྱོད་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། བཀོལ་སྤྱོད་ཉམས་ལེན་མཐོ་རུ་གཏོང་བ། ཞིབ་འཇུག་ལ་བརྟེན་ནས་བཀོལ་སྤྱོད་ལ་སྐུལ་བ་དང་། བཀོལ་སྤྱོད་ལ་བརྟེན་ནས་ཞིབ་འཇུག་ལ་སྐུལ་བ་བརྒྱུད། ལག་རྩལ་ཐོན་རྫས་བརྗེ་སྒྱུར་རིམ་སྤོར་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ཁེ་ལས་ནང་ཁུལ་གྱི་གསར་གཏོད་འཇོན་མི་གསོ་སྐྱོང་དང་བེད་སྤྱོད། དཔྱད་འཇོག སྐུལ་སློང་སོགས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ཁེ་ལས་ཀྱི་གསར་གཏོད་ནུས་པ་དང་འཕེལ་རྒྱས་སྒུལ་ཤུགས་རྒྱུན་མཐུད་ངང་ཇེ་མཐོར་གཏོང་དགོས།
ཉེ་ལམ། ས་གནས་ཁ་ཤས་ལ་དྲག་ཆར་གྱི་གནོད་པ་ཐེབས་བཞིན་ཡོད་པའི་ཐད་ནས་ཀྲང་གོ་ཆིང་གིས་ནན་གྱིས་བསྟན་དོན། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་ཨང་དང་པོར་བཞག་སྟེ། ལྟ་ཞིབ་སྔོན་བརྡ་དང་སྐོར་ཞིབ་ཉེན་བཤེར་ཤུགས་དྲག་ཏུ་གཏོང་དགོས་ལ། གཞི་རིམ་དམིགས་སུ་འཛིན་པ་དང་ཐག་གཅོད་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས། ཉེན་ཁ་ཆེ་བའི་མང་ཚོགས་སྔོན་ལ་གནས་སྤར་དུ་བཅུག་སྟེ་ཚད་གཞི་ཆེས་ཆེ་བའི་སྒོ་ནས་མི་སྣར་ཤི་རྨས་ཐེབས་ཚད་ཇེ་ཉུང་དུ་གཏོང་དགོས་ཟེར།
རིག་འཛིན་སྒྲོལ་མས་བསྒྱུར།