ཞི་ཅིན་ཕིང་གིས་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལ་རྒྱ་ཆེའི་ན་གཞོན་ཚོའི་ཁྲོད་དུ་ཚུར་སྣང་ཆེན་པོ་བྱུང་།
2025.07.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་དང་རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ཉེར་བརྒྱད་པ་འཚོགས་ལ་ཉེ་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་སྤྲིངས་ཏེ། རྒྱལ་ཡོངས་ཀྱི་མི་རིགས་སོ་སོ་དང་ལས་རིགས་སོ་སོའི་ན་གཞོན་དང་ན་གཞོན་སློབ་མ། རྒྱ་ཆེའི་ཕྱི་རྒྱལ་གྱི་ཀྲུང་ཧྭའི་ན་གཞོན་རྣམས་ལ་འཚམས་འདྲི་གནང་ནས་ཐུགས་རེ་ཆེན་པོ་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཡི་བརྩེ་བས་ཕྱུག་པའི་འཕྲིན་ཡིག་ལ་རྒྱ་ཆེའི་ན་གཞོན་རྣམས་ཀྱི་ཁྲོད་ཚུར་སྣང་དྲག་པོ་བྱུང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཅངས་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་འགན་འཁུར་བའི་ལང་ཚོ་ཡི་ལེའུ་འབད་པས་འབྲི་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་། འདས་ཟིན་པའི་ལོ་ལྔའི་རིང་ལ། རིམ་པ་སོ་སོའི་ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་རྩ་འཛུགས་ཀྱིས་འགན་འཁྲི་བསྒྲུབས་པ་དང་བསམ་སྦྱོར་འབད་པས་སྤེལ་ནས། རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མ་རྩ་འཛུགས་སྐུལ་སློང་བྱས་ཏེ། ཏང་གི་རྗེས་སུ་དམ་པོར་རྗེས་སུ་འབྲངས་ནས་འབད་བརྩོན་ཡར་རྒྱས་བྱས་ནས། ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་བར་ཁས་ལེན་གང་ལེགས་གནང་བ་དང་། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་རྣམས་ཀྱིས་བློ་སྟོབས་ཆེན་པོས་ཡར་རྒྱས་བརྩོན་ལེན་བྱེད་ཀྱིན་པའི་བསམ་པའི་ཉམས་འགྱུར་ལ་བསྔགས་བརྗོད་གནང་བར་བརྟེན། ཚང་མར་སྐུལ་ལྕག་ཆེན་པོ་ཐེབས།

རྒྱལ་ཡོངས་སློབ་མའི་མཉམ་འབྲེལ་ལྷན་ཚོགས་སྐབས་བཅོ་བརྒྱད་པའི་ཀྲུའུ་ཞི། པེ་ཅིང་སློབ་ཆེན་གྱི་སློབ་མ་ལིས་ཝུན་ཏའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་ལས། དུས་རབས་གསར་པའི་ཀྲུང་གོའི་ན་གཞོན་གྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་ང་རང་ཡོད་སྙམ་པའི་ཁག་འཁུར་གྱི་འདུ་ཤེས་དེར་ཁས་ལེན་གང་ལེགས་གནང་ཡོད་ཅིང་། རྒྱ་ཆེ་བའི་ན་གཞོན་དང་ན་གཞོན་སློབ་མ་སྐྱོད་ལམ་གསར་པའི་སྟེང་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་བྱས་རྗེས་བཞག་ནས་ལས་དོན་བསྒྲུབ་པར་རེ་ལྟོས་ཆེན་པོ་བཅངས་ཡོད་ལ། རྟེན་འབྲེལ་འཕྲིན་ཡིག་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ང་ཚོ་རྒྱ་ཆེ་བའི་ན་གཞོན་དང་ན་གཞོན་གྱི་བྱ་བར་གཙིགས་ཆེན་དང་ཐུགས་ཁུར་ཟབ་བཞེས་གནང་ཡོད་པ་གང་ལེགས་སྒོས་མཚོན་ཐུབ། ང་ཚོར་འཕྲིན་ཡིག་དེས་སྐུལ་མ་ཆེན་པོ་ཐེབས་ཏེ་རང་གི་ཕྲག་སྟེང་དུ་བབས་པའི་འགན་འཁྲི་དེ་ལྕི་མོ་ཡིན་པ་ཚོར་ཐུབ་ཟེར།

ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བར་གཞོན་ནུ་རྣམས་ལ་ནུས་པ་ཆེན་པོ་ཡོད།  སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་དེས་རྒྱ་ཆེའི་ན་གཞོན་རྣམས་ཀྱི་ཡིད་ཆེས་སྔར་ལས་ཇེ་བརྟན་དུ་བཏང་བ་དང་དམིགས་འབེན་ལ་གདེང་ཚོད་ཡོད་པར་བྱས། ཚང་མས་རང་རྟོགས་ཡོད་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་འབོད་སྐུལ་ལ་ཉན་པ་དང་ཕུགས་བསམ་དང་དད་སེམས་སྔར་ལས་ཇེ་བརྟན་དུ་གཏོང་བ། ཁྱིམ་ཚང་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཇེ་དྲག་ཏུ་གཏོང་བ། ལོ་རྒྱུས་ཀྱི་འགན་འཁྲི་སྤོབས་པས་འཁུར་བ་བཅས་ཀྱི་ལང་ཚོའི་ལེའུ་འབད་བརྩོན་ཆེན་པོས་འབྲི་རྒྱུ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ན་གཞོན་ལས་དོན་གྱི་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ན་གཞོན་མཉམ་འབྲེལ་ལྷན་ཚོགས་དང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་ཏེ། རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མ་རྣམས་བདེ་ཐང་ངང་འཚར་ལོངས་འབྱུང་བ་དང་བྱས་རྗེས་བཞག་ནས་ལས་དོན་བསྒྲུབ་པར་མཐུན་རྐྱེན་བཟང་བོ་བསྐྲུན་དགོས་ཞེས་ནན་བཤད་གནང་ཡོད། ཚང་མས་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་བློ་རུ་ངེས་པར་བྱེད་པ་དང་བཅོས་སྒྱུར་གསར་གཏོད་ཟབ་སྤེལ་བཏང་སྟེ། རྒྱ་ཆེའི་ན་གཞོན་དང་ན་གཞོན་སློབ་མས་ཏང་གི་དར་ཆའི་འོག་ཏུ། སྔར་ལས་མཐུན་སྒྲིལ་སྒོས་སྐྱོད་ལམ་གསར་པའི་སྟེང་འབད་བརྩོན་དང་གྲུབ་འབྲས་གསར་པ་ལེན་རྒྱུར་སྣེ་འདོམས་བྱེད་རྒྱུ་ཡིན་ཟེར།

བན་དེ་སྐྱབས་ཀྱིས་བསྒྱུར།