ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་ཡིའུ་པིན་ཁྲང་ལ་ཁོང་གི་སྐུལ་ལྕག་དང་འཚམས་འདྲི་བརྒྱུད་སྤྲོད་བྱེད་རྒྱུའི་མངགས་བཅོལ་གནང་།
2025.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་འགན་ཁུར་བློ་མཐུན་གྱིས་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གི་རིམ་པ་དང་པོའི་འཁྲབ་སྟོན་པ་ཡིའུ་པིན་ཁྲང་ལ་ཁོང་གི་སྐུལ་ལྕག་དང་འཚམས་འདྲི་བརྒྱུད་སྤྲོད་བྱེད་རྒྱུའི་མངགས་བཅོལ་གནང་།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་རང་དགུང་ལོ་གོ་གཉིས་སྟེང་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་ཤེས་རྗེས། ང་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཁྱེད་ལ་ཏང་ནང་ཞུགས་པའི་སེམས་པ་རྣམ་དག་ཅིག་ཡོད་པར་སེམས་འགུལ་ཆེན་པོ་ཐེབས་ཡོད། ཁྱེད་ཀྱིས་ཏང་ཡོན་གྱི་གདོང་ལེན་མིག་དཔེ་ནུས་པ་འདོན་པ་དང་། རིག་རྩལ་བྱ་བ་སྒྲུབ་མཁན་སྔར་ལས་མང་པོའི་སྣེ་ཁྲིད་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་གོང་འཕེལ་དང་དར་རྒྱས་ཆེས་ཆེར་གཏོང་བར་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཅངས་ཡོད། ཞོར་དུ་ཁྱེད་ཀྱི་སྐུ་ལུས་བདེ་ཞིང་འཚོ་བ་བདེ་སྐྱིད་ལྡན་པའི་སྨོན་འདུན་ཞུས་པ་ཡིན།

ཡིའུ་པིན་ཁྲང1933ལོར་སྐྱེས་པ་དང་། དུས་ཡུན་རིང་བོར་དགོས་བྲོའི་ཟློས་གར་འཁྲབ་སྟོན་གྱི་ལས་ཀ་གཉེར་ཞིང་། ཁོས་གྲུབ་ཐོབ་ཅི་ཀུང་སོགས་བརྩམས་ཆོས་ཁྲོད་མི་དམངས་མང་ཚོགས་ཀྱི་དགའ་བསུ་ཐོབ་པའི་སྒྱུ་རྩལ་གྱི་སྣང་བརྙན་མང་པོ་བསྐྲུན་པ་དང་། 2024ལོར་ཀྲུང་གོའི་སྐབས་སོ་གཉིས་པའི་བརྙན་འཕྲིན་གསེར་གླག་བྱ་དགའི་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚེ་གང་བོའི་གྲུབ་འབྲས་བྱ་དགའ་ཐོབ། ཡིའུ་པིན་ཁྲང་གིས་ལོ་ངོ་བདུན་ཅུ་ལྷག་ལ་རིག་རྩལ་བྱ་བ་བསྒྲུབས་པ་དང་། ཁོ་རང་ལ་སྔ་མོ་ནས་ཏང་ནང་ཞུགས་པའི་རེ་འདུན་ཡོད་ན་ཡང་། ཁོས་རང་ཉིད་ད་དུང་ཏང་ཡོན་གྱི་ཆ་རྐྱེན་ལོངས་མེད་འདོད་ཡོད།  ཁོས2024ལོའི་ལོ་སྟོད་དུ་ཏང་རྩ་འཛུགས་ལ་ཏང་ནང་ཞུགས་པའི་རེ་ཞུ་ཡི་གེ་སྤྲད་པ་དང་། 2025ལོའི་ཟླ5པའི་ནང་ཆོག་མཆན་ཐོབ་སྟེ་ཀྲུང་གོ་གུང་ཁྲན་ཏང་གི་གྲ་སྒྲིག་ཏང་ཡོན་དུ་གྱུར། བདུན་གཅིག་སྔ་ནུབ་ཏུ། ཁོ་རྒྱལ་ཁབ་གཏམ་བརྗོད་ཟློས་གར་གླིང་གི་ཏང་ཨུས་བསྡུས་པའི་ཏང་ནང་ཞུགས་པའི་དམ་བཅའ་སྒྲོག་པའི་མཛད་སྒོར་ཞུགས།

རིན་ཆེན་མཚོས་བསྒྱུར།