ཟླ7པའི་ཚེས4ཉིན། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་གནོད་སེལ་བྱ་བའི་བརྙན་རིས་བཀོད་གཏོང་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་སྐྱོབ་གནོད་སེལ་བྱ་བའི་ཐད་ཀྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ལ། ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་ལྟར། ཞིང་ཆེན་ཡོངས་ཀྱི་ཞོད་འགོག་གནོད་སེལ་བྱ་བར་ཡང་བསྐྱར་བཀོད་སྒྲིག་དང་ཡང་བསྐྱར་བཀོད་གཏོང་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལོའུ་ཏུང་ཁྲོན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད།
གྲོས་ཚོགས་ལས་བསྟན་དོན། རང་ཞིང་དུ་ད་ལོར་དྲག་ཆར་བབས་པའི་ཤུགས་རྐྱེན་ཆེ་ལ། རྒྱུན་མཐུད་ཀྱི་དུས་ཚོད་རིང་བར་མ་ཟད་ཆར་འབབ་ཚད་དྲག་པ་སོགས་ཀྱི་ཁྱད་ཆོས་ལྡན་ཕྱིར། ཐལ་དྲགས་རང་བཞིན་དང་གནོད་འཚེ་འབྱུང་སླ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ད་ལོའི་ཞོད་འགོག་བྱ་བའི་ཛ་དྲག་རང་བཞིན་དང་རྙོག་འཛིང་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་གཏོང་བ་དང་། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཤིང་། ཚད་མཐའི་བསམ་བློ་བརྟན་སྲུང་བྱེད་པ་དང་། བྱེད་ཐབས་སྣ་ཚོགས་ཀྱི་ངེས་གཏན་རང་བཞིན་ལ་བརྟེན་ནས་ཆར་ཞོད་གནས་ཚུལ་གྱི་ངེས་གཏན་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་དང་། སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་སྲུང་བྱེད་དགོས།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། བཀོད་འདོམས་པུའུ་ཡིས་གཅིག་འདོམས་བཀོད་གཏོང་ལ་ཤུགས་བསྣན་ཏེ། བྱ་བའི་རྐྱེན་སྲོལ་ལེགས་བཅོས་གཏོང་བ་དང་། ལས་རེས་ལས་སྲུང་ཤུགས་དྲག་ཏུ་གཏོང་བ། ཆ་འཕྲིན་སྐྱེལ་ཞུ་གཟབ་ནན་དུ་གཏོང་བ་དང་། གྲོས་མོལ་བརྡར་གཅོད་དང་སྤྱི་བསྡོམས་ལ་ཤུགས་བསྣན་ནས། རིམ་པ་རེ་རེ་བཞིན་ཡག་པོར་སྒྲུབ་པ་དང་། ཆར་ཞོད་ཆེན་པོ་སྔོན་འགོག་དང་ཉེན་ཁ་ཆེན་པོ་སེལ་བ། གནོད་སྐྱོབ་བྱེད་པ་བཅས་ཀྱི་ཐད་ནུས་ཤུགས་ཡོད་རྒུ་འདོན་དགོས། འགྲིམ་འགྲུལ་ལམ་རྒྱུད་དང་ཆུ་ལོག་ས་གཤིས་གནོད་འཚེ་ཡི་ཉེན་ཁའི་གནས། ཡུལ་སྐོར་ལྗོངས་ཁུལ། འཛུགས་སྐྲུན་ལས་ཡུལ་སོགས་རྨང་གཞིའི་སྒྲིག་ཆས་གལ་ཆེན་དང་། ཁུལ་ཁོངས་གཙོ་བོ་དང་གནས་ཡུལ་གལ་ཆེན་ཁག་དམིགས་སུ་བཟུང་སྟེ། གནོད་འཚེ་དང་ཉེན་ཁའི་འགོག་རྐྱེན་ཞིབ་བཤེར་དང་བཅོས་སྐྱོང་བྱ་བ་ཏན་ཏིག་སྒོས་སྤེལ་ནས། ཞོད་དུས་ཞི་འཇགས་ཡོང་བ་དང་བདེ་འཇགས་ངང་ཞོད་དུས་བརྒལ་བར་ཁག་ཐེག་བྱེད་དགོས། ཆར་འབབ་པའི་གནས་ཚུལ་དང་ཆུ་ལོག་གི་གནས་ཚུལ་ལ་ལྟ་ཞིབ་ནན་མོ་བྱས་ཏེ། སྔོག་དཔག་དང་སྔོན་བརྡ་གཏོང་བར་ཤུགས་སྣོན་པ་དང་། དུས་ལྟར་ཉེན་བརྡ་སྒྲོག་པ། དང་ལེན་དང་གསལ་འདེབས་རྐྱེན་སྲོལ་དངོས་འབེབས་ནན་མོ་བྱེད་པ། ཉེན་ཁ་ཤེས་རྟོགས་བྱུང་ཚེ་འགོར་འགྱངས་མེད་པར་ཉེན་གཡོལ་བྱེད་དུ་བཅུག་ནས། སྤོར་འོས་པ་སྔ་མོ་ནས་སྤོར་བ་དང་མྱུར་དུ་སྤོར་དགོས། ཞོད་འགོག་གནོད་སེལ་འགན་འཁྲི་གཙོ་བོ་ཕྱོགས་ཡོངས་ནས་ནན་དཀྲི་དང་ནན་སྡོམ་བྱས་ཏེ། སྟོབས་ཤུགས་གཙོ་བོ་གྲ་སྒྲིག་དང་འཕྲལ་བསྟུན་དངོས་ཟོག་དང་ཡོ་བྱད་འགན་སྲུང་ལ་ཤུགས་བསྣན་ནས། བདེ་འཇགས་སྔོན་འགོག་གི་བྱེད་ཐབས་ཁག་དངོས་འབེབས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱེད་དགོས་ཤིང་། ས་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་ས་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། ས་ཁོངས་སྲུང་བའི་འགན་འཁྲི་སྒྲུབ་པ་བཅས་བྱས་ནས། ཞོད་འགོག་གནོད་སེལ་བྱ་བར་རྒྱལ་ཁ་ལེན་པར་མཉམ་དུ་ཤུགས་འདོན་དགོས།
ཀྲང་ཅིན་ཀང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། གྲོས་ཚོགས་བརྙན་རིས་ཀྱི་རྣམ་པས་གྲོང་ཁྱེར་དང་ཁུལ་སོ་སོར་ཁྱབ་པར་བྱས། ཞིང་ཆེན་གནམ་གཤིས་ཅུའུ་དང་། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཟི་ལིང་གྲོང་ཁྱེར་དང་། མཚོ་ལྷོ་ཁུལ་སོགས་ཀྱིས་གནས་ཚུལ་སྙན་ཞུ་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།