མགོན་པོ་བཀྲ་ཤིས་ཧུའུ་ཀྲུའུ་རུ་སོང་ནས་རྟོག་ཞིབ་མཛུབ་སྟོན་བྱེད་སྐབས་སློབ་སྤྱོད་ཟུང་འབྲེལ་དང་སློབ་སྦྱོང་ལ་བརྟེན་ནས་ལས་ལ་སྐུལ་བ་རྒྱུན་འཁྱོངས་བྱས་ཏེ་བྱ་གཞག་སོ་སོ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་དགོས་པ་ནན་གྱིས་བསྟན།
2025.07.05 ཁུངས། ཀློག་གྲངས། 0

ཟླ7ཚེས3ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་དང་གྲོང་གསེབ་དར་སྤེལ་བྱ་བར་རྟོག་ཞིབ་མཛུབ་སྟོན་བྱས། ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་སྤྱོད་ཚུལ་འཛུགས་སྐྲུན་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ། སློབ་སྦྱོང་ལ་བརྟེན་ནས་ལས་ལ་སྐུལ་ཏེ་ཧུའུ་ཀྲུའུ་ཡི་བྱ་གཞག་སོ་སོ་སྤུས་ཚད་མཐོན་པོས་གོང་དུ་སྤེལ་དགོས་ཞེས་ནན་གྱིས་བསྟན།

མགོན་པོ་བཀྲ་ཤིས་ཀྱིས་ཧུའུ་ཀྲུའུ་རྫོང་གིས་སློབ་སྦྱོང་སློབ་གསོ་སྤེལ་བའི་གནས་ཚུལ་དང་གྲོང་གསེབ་དར་སྤེལ་བྱ་བའི་ཐད་ཀྱི་གནས་ཚུལ་ཡར་ཞུ་ལ་གསན་པར་མ་ཟད། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི། ཆེད་ལས་མཉམ་ལས་ཁང་གི་འགན་ཁུར་མི་སྣ་བཅས་དང་བཞུགས་མོལ་བརྗེ་རེས་བྱས། མགོན་པོ་བཀྲ་ཤིས་ཀྱིས་བཤད་རྒྱུར། སློབ་སྦྱོང་སློབ་གསོ་སྤེལ་བ་ནི་ཏང་ཀྲུང་དབྱང་གིས་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་ཡིན་ལ། ད་ལོའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཀྱང་ཡིན། ཧུའུ་ཀྲུའུ་རྫོང་གིས་ཞིང་ཆེན་ཏང་ཨུ་དང་གྲོང་ཁྱེར་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་། ཚད་མཐོའི་མཐོང་ཆེན་བྱེད་པ། རྩ་འཛུགས་ཞིབ་མོ་བྱེད་པ། གཅིག་འདོམས་སྒོས་སྤེལ་བ། སྒོ་ཕྱེ་བའི་སློབ་གསོ་དམ་འཛིན་བྱེད་པ་དང་སློབ་བཤེར་སྒྱུར་གསུམ་གཞི་གཅིག་ཏུ་སྤེལ་ཏེ། སློབ་སྦྱོང་སློབ་གསོའི་ཐད་གྲུབ་འབྲས་མངོན་གསལ་བླངས་པ་དང་། རྫོང་ཡོངས་ཀྱི་ཁྱབ་ཁོངས་སུ་སློབ་སྦྱོང་དང་བསམ་གཞིགས། ལག་ལེན་གྱི་ཁ་དབུགས་སྟུག་པོ་ཆགས་པར་བྱས་ཏེ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟེང་གཅིག་སྡུད་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་བསྟན་དོན། རྒྱལ་ཡོངས་ཀྱི་ཧོར་རིགས་རང་སྐྱོང་རྫོང་གཅིག་པུ་ཡིན་པའི་ཆ་ནས། ཧུའུ་ཀྲུའུ་རྫོང་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་ཟབ་མོ་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུངས་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། སློབ་སྤྱོད་ཟུང་འབྲེལ་བྱེད་པ། སློབ་སྦྱོང་སློབ་གསོ་དང་འཕེལ་རྒྱས་ལ་སྐུལ་ལ་ཟུང་འབྲེལ་བྱས་ཏེ། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དམངས་འཚོ་ལེགས་སྒྱུར་དང་འཕེལ་རྒྱས་ལ་སྐུལ་བ། གྲོང་གསེབ་དར་སྤེལ་གྱི་དངོས་ཡོད་འགུལ་སྐྱོད་དུ་འགྱུར་བར་བྱེད་དགོས། ཁོས་དེང་སྐབས་སློབ་སྦྱོང་སློབ་གསོ་དེ་གནད་འགག་གི་དུས་སྐབས་སུ་གནས་ཡོད་པས། གནད་དོན་འཚོལ་ཞིབ་དང་གཅིག་བསྡུས་བཅོས་སྐྱོང་རྒྱུན་མཐུད་ངང་ཟབ་སྒྱུར་བྱེད་པ་དང་། ཡོངས་འགྲུབ་བྱས་ཟིན་པའི་ལས་འགན་ལ་འོས་འཚམ་གྱི་སྐབས་སུ་ཕྱིར་མིག་བལྟ་བ། བཅོས་སྒྱུར་གྲུབ་འབྲས་མུ་མཐུད་དུ་སྲ་བརྟན་དུ་བཏང་ནས། སློབ་སྦྱོང་སློབ་གསོའི་འགོ་མཇུག་ལེགས་པོ་ཡོང་བ་དང་རྒྱུན་རྣམ་ཡུན་ཕན་ལ་ཁག་ཐེག་བྱེད་དགོས།

མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཐོན་ཁུངས་ཀྱི་ལེགས་ཆ་དང་ཁུལ་གནས་དགེ་མཚན་ལ་རྐང་བཙུགས་ནས། འཁྱག་རིགས་སྔོ་ཚལ་དང་ཁྱད་ལྡན་གསོ་སྤེལ། གྲོང་གསེབ་ཡུལ་སྐོར་སོགས་དགེ་མཚན་ལྡན་པའི་ཐོན་ལས་ཧུར་ཐག་གིས་གསོ་སྐྱོང་བྱས་ཏེ། གྲོང་གསེབ་ཐོན་ལས་ཇེ་རྒྱས་ཇེ་ལེགས་དང་འབྲེལ་ཐག་ཇེ་རིང་དང་ཕན་འབྲས་ཇེ་ཆེར་ཡོང་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་རིམ་པའི་ལས་དོན་སྤུས་རྟགས་གཉིས་ལ་གཞི་བཅོལ་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བརྒྱུད་ལམ་སྔར་ལས་རྒྱ་བསྐྱེད་དགོས། ཁྲི་སྟོང་བཟོ་སྐྲུན་གྱི་ཉམས་མྱོང་སློབ་སྦྱོང་དང་བཀོལ་སྤྱོད་བྱས་ཏེ། ནུས་ཤུགས་ཡོད་རྒུས་གྲོང་གསེབ་འཛུགས་སྐྲུན་དང་གྲོང་གསེབ་བཅོས་སྐྱོང་བྱེད་དགོས། སྔར་ལས་ཏན་ཏིག་དངོས་གཉེར་གྱི་སྤྱོད་ཚུལ་ལ་བརྟེན་ནས་འཕེལ་རྒྱས་ཀྱི་ཁ་ཕྱོགས་འཆར་འགོད་བྱས་ཏེ། ཐོན་ལས་གསར་པ་དང་ལས་རྣམ་གསར་པས་གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་དང་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལིའུ་ཏ་ཡེ་རྟོག་ཞིབ་ལ་ཞུགས།

ཤ་བོ་གསེར་མཚོས་བསྒྱུར།