ལིས་ཆང་གིས་ཞི་ལཱའི་ཙུང་ལི་གཞོན་པ་ཧྭ་ཆིས་ཏཱ་ཅི་སིར་མཇལ་འཕྲད་གནང་།
2025.07.05 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེ་གའི་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཞི་ལཱའི་ལའོ་ཏི་གླིང་ཕྲན་དུ་ཞི་ལཱའི་ཙུང་ལི་གཞོན་པ་ཧྭ་ཆིས་ཏཱ་ཅི་སིར་མཇལ་འཕྲད་གནང་།

ས་གནས་དེ་གའི་ཟླ7པའི་ཚེས4ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཞི་ལཱའི་ལའོ་ཏི་གླིང་ཕྲན་དུ་ཞི་ལཱའི་ཙུང་ལི་གཞོན་པ་ཧྭ་ཆིས་ཏཱ་ཅི་སིར་མཇལ་འཕྲད་གནང་།

ལིས་ཆང་གིས2023ལོའི་ཟླ11པར་ཙུང་ལི་མུས་ཙུའོ་ཐཱ་ཅི་སིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁོང་དང་མཉམ་དུ་གྲོས་མོལ་བྱས་ནས། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དམ་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་ངོས་འཛིན་གལ་ཆེན་བྱུང་། ཉེ་བའི་ལོ་གཉིས་ཀྱི་རིང་། ཀྲུང་གོ་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་འཚམས་འདྲིའི་གྲུབ་འབྲས་ཧུར་ཐག་གིས་དངོས་འབེབས་བྱས་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྔར་ལས་མང་པོ་བསྐྲུན་ཡོད། སང་ལོར། ཀྲུང་གོ་དང་ཞི་ལཱ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ20འཁོར་བའི་དུས་སྐབས་བསུ་རྒྱུ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཞི་ལཱ་ཕྱོགས་དང་མཉམ་དུ་བློ་རྩ་བརྟན་པོས་ཕན་ཚུན་གྱི་ཁེ་ཕན་གཙོ་བོ་དང་ཐུགས་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ་དང་། ཁྱབ་ཁོངས་སོ་སོའི་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་དེ། དངོས་ཡོད་གྲུབ་འབྲས་སྔར་ལས་མང་པོ་ལེན་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཞི་ལཱ་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་སྦྲེལ་ཐག་ཇེ་དམ་དུ་གཏོང་བ་དང་། ཕན་ཚུན་གསབ་རེས་བྱེད་པའི་དགེ་མཚན་འདོན་སྤེལ་ལེགས་པོ་བྱས་ཏེ། པིས་ལེ་ཨའེ་ཧྥུའུ་སི་གྲུ་ཁའི་སྤྱིའི་འཆར་འགོད་དོན་ཐོག་ཏུ་འཁྱོལ་བར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉིས་ཀྱི་ཉོ་ཚོང་སྔར་ལས་དོ་སྙོམས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ། དག་གཙང་ནུས་ཁུངས་དང་འདྲེན་སྒྱུར་གློག མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་བསྣན་ནས། དཔལ་འབྱོར་ཀྱི་འཕར་གནས་སྔར་ལས་མང་པོ་གསར་སྤེལ་བྱེད་འདོད་ཡོད། ཀྲུང་གོའི་ཕྱོགས་ཀྱིས་ནུས་པ་ལྡན་པའི་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོས་ཁྲོམ་རའི་རྩ་དོན་ལྟར་ཞི་ལཱའི་དངུལ་གཏོང་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་དང་སྐུལ་སློང་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་དཔལ་ཡོན་དཔེ་ལྟོས་བྱེད་པར་ཤུགས་སྣོན་པ་དང་། ཡུལ་སྐོར་སོགས་མི་གཞུང་བརྗེ་རེས་དམ་ཟབ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས། ཀྲུང་གོ་དང་ཡོ་རོབ་གླིང་བར་རྒྱ་ཆེའི་ཐུན་མོང་ཁེ་ཕན་ཡོད། མིག་སྔར། གོ་ལ་ཧྲིལ་བོའི་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཛ་དྲག་ཏུ་འགྱུར་བཞིན་ཡོད་པས། ཀྲུང་གོ་དང་ཡོ་རོབ་གླིང་གིས་མཉམ་དུ་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་དར་སྤེལ་གཏོང་བའི་འབོད་སྐད་སྒྲོག་པ་དང་། ལག་རྡང་སྦྲེལ་ནས་དཔལ་འབྱོར་གོ་ལ་ཅན་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱེད་དགོས། ཞི་ལཱ་ཡིས་ཀྲུང་གོ་དང་ཡོ་རོབ་གླིང་གི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་མུ་མཐུད་དུ་འཛུགས་སྐྲུན་རང་བཞིན་གྱི་བྱེད་ནུས་འདོན་པའི་རེ་བ་བཅངས་ཡོད་ཅེས་གསུངས།

ཧྭ་ཆིས་ཏཱ་ཅི་སི་ཡིས་བསྟན་དོན། ཞི་ལཱ་དང་ཀྲུང་གོ་གཉིས་ཀྱི་གནའ་བོའི་ཤེས་རིག་གི་རྒྱལ་ཁབ་ཡིན་ལ། ཞི་ལཱའི་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་མཐོང་ཆེན་ཚད་མེད་བྱེད་ཀྱིན་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་བར་བྱུང་བའི་ཐུན་མོང་ངོས་འཛིན་དངོས་འབེབས་བྱས་ཏེ། ཀྲུང་གོའི་ཕྱོགས་དང་མཉམ་དུ་མཐོ་རིམ་འགྲོ་འོང་སྔར་ལས་དམ་ཟབ་གཏོང་བ་དང་། ཉོ་ཚོང་དང་དངུལ་གཏོང་། ཆུ་ཐོག་སྐྱེལ་འདྲེན། ནུས་ཁུངས། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཟབ་སྤེལ་བྱས་ནས། མི་གཞུང་བརྗེ་རེས་ལ་སྐུལ་འདེད་གཏོང་བ་དང་། དཔལ་ཡོན་གྲོས་མོལ་ཤུགས་བསྣན་ཏེ། ཞི་ལཱ་དང་ཀྲུང་གོའི་ཕྱོགས་ཡོངས་འཐབ་ཇུས་གྲོགས་པོའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་འདོད་ཡོད།  ཀྲུང་གོ་ནི་རྒྱལ་སྤྱིའི་ཤུགས་རྐྱེན་ཆེ་ཤོས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས། ཞི་ལཱའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་ཕྱོགས་མང་མཉམ་ལས་ལ་ཤུགས་བསྣན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དགོངས་པ་དང་རྩ་དོན་ལ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། ལག་རྡང་སྦྲེལ་ནས་ནམ་ཟླའི་འགྱུར་ལྡོག་སོགས་གོ་ལ་ཧྲིལ་བོའི་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་གཅོག་འདོད་ཡོད། ཞི་ལཱའི་ཕྱོགས་ཀྱིས་ཡོ་རོབ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་སྟོབས་ཤུགས་འབུལ་འདོད་ཡོད།

ཙུང་ལི་ལིས་ཆང་ཟླ7པའི་ཚེས4ཉིན་གྱི་སྔ་དྲོར་ཆེད་བཏང་གནམ་གྲུར་བསྡད་དེ་པེ་ཅིང་ལ་ཁ་བྲལ་བ་དང་། གདན་ཞུས་ལྟར་པ་ཞིར་ཕེབས་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་བཅུ་བདུན་པར་ཞུགས། པ་ཞིར་ཕེབས་པའི་ལམ་བར་དུ་ཆེད་བཏང་གནམ་གྲུ་ཞི་ལཱའི་ལའོ་ཏི་གླིང་ཕྲན་དུ་ཅུང་ཙམ་བསྡད་པ་དང་། ཞི་ལཱའི་ཙུང་ལི་གཞོན་པ་ ཧྭ་ཆིས་ཏཱ་ཅི་སི་དང་ནཱན་ཨའེ་ཆིན་ཞིང་ཆེན་གྱི་ཧྲིན་ཀྲང་། ལའོ་ཏིའི་ཧྲི་ཀྲང་དང་། ཀྲུང་གོའི་ཞི་ལཱར་སྡོད་པའི་གཞུང་ཚབ་ཆེན་མོ་ཧྥང་ཆིའུ་བཅས་ཀྱིས་གནམ་གྲུ་ཐང་དུ་བསུ་མ་བྱས།

ལྷ་མོ་འཚོས་བསྒྱུར།