ལིས་ཆང་གིས་པཱ་ཞི་ཡི་སྲིད་འཛིན་ལུའུ་ལཱར་མཇལ་འཕྲད་གནང་།
2025.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས5ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ལི་ཡུའེ་རི་ནེ་ལུའུ་རུ་པཱ་ཞི་ཡི་སྲིད་འཛིན་ལུའུ་ལཱར་མཇལ་འཕྲད་གནང་།

ལིས་ཆང་གིས་སྔོན་ལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་བརྩེ་བའི་འཚམས་འདྲི་བརྒྱུད་སྒྲོག་གནང་། ལིས་ཆང་གིས་བསྟན་དོན། མིག་སྔར་ཀྲུང་གོ་དང་པཱ་ཞི་ཡི་འབྲེལ་བ་ལོ་རྒྱུས་ཀྱི་ཆེས་ལེགས་པའི་དུས་སྐབས་སུ་གནས་ཡོད་པས། ཕྱོགས་གཉིས་ཀྱིས་ལག་གདང་མཉམ་སྦྲེལ་གྱིས་སྔར་ལས་དྲང་གཞག་གི་འཛམ་གླིང་ཞིག་དང་སྔར་ལས་རྒྱུན་མཐུད་ཀྱི་སྐར་མའི་གོ་ལ་སྟེང་འཚོ་བའི་ཀྲུང་གོ་དང་པཱ་ཞི་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་དགོས། ད་ལོའི་ཟླ5པར་སྲིད་འཛིན་ལུའུ་ལཱ་ཡིས་ཀྲུང་གོར་འཚམས་འདྲི་བྱེད་སྐབས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་ཀྲུང་གོ་དང་པཱ་ཞི་ཡི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བ་དང་། ཕྱོགས་མང་རིང་ལུགས་ལ་མཉམ་དུ་སྲུང་སྐྱོབང་བྱེད་པ་སོགས་ཀྱི་ཐད་ནས་ཐུན་མོང་གི་ངོས་འཛིན་བྱུང་ཡོད། ཀྲུང་གོའི་ཕྱོགས་ཀྱིས་པཱ་ཞི་ཕྱོགས་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དོན་དངོས་ཀྱི་མཉམ་ལས་གྲུབ་འབྲས་སྔར་ལས་མང་པོ་བླངས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པའི་བདེ་སྐྱིད་བསྐྲུན་འདོད་ཡོད།

ལིས་ཆང་གིས་བསྟན་དོན། ཀྲུང་གོའི་ཕྱོགས་ཀྱིས་པཱ་ཞིའི་་ཕྱོགས་དང་མཉམ་དུ་ཕན་ཚུན་གསབ་རེས་ཀྱི་དགེ་མཚན་འདོན་སྤེལ་བྱས་ཏེ། རྒྱུད་གཅིག་ལམ་གཅིག་སྤུས་ཚད་མཐོན་པོས་མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག ཕྱོགས་གཉིས་ཀྱི་ཉོ་འཚོང་དང་དངུལ་རྩ། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་མཉམ་ལས་གཏིང་ཟབ་དང་སྲ་བརྟན་དུ་བཏང་ནས། གཞི་གྲངས་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། ཚན་རྩལ་གསར་གཏོད། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་སྒུལ་ནུས་ཇེ་དྲག་ཏུ་གཏོང་འདོད་ཡོད། 2026ལོའི་ཀྲུང་གོ་དང་པཱ་ཞི་ཡི་རིག་གནས་ལོའི་མུ་འབྲེལ་བྱེད་སྒོ་མཉམ་དུ་ཡག་པོར་སྤེལ་ཏེ། སློབ་གསོ་དང་ན་གཞོན། སྨན་བཅོས་འཕྲོད་བསྟེན་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། མི་སྣའི་འགྲོ་འོང་ལ་སྔར་ལས་སྟབས་བདེ་བསྐྲུན་ནས་ཀྲུང་གོ་དང་པཱ་ཞི་ཡི་མཛའ་འབྲེལ་མཉམ་ལས་ཐད་ཀྱི་དམངས་འདོད་རྨང་གཞི་སྲ་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོ་དང་པཱ་ཞི་གཉིས་ནི་ཕྱོགས་མང་རིང་ལུགས་དང་། རང་མོས་ཉོ་ཚོང་སྲུང་སྐྱོང་བྱེད་མཁན་ཡིན་པས། ཀྲུང་གོའི་ཕྱོགས་ཀྱིས་པཱ་ཞི་ཕྱོགས་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་སོགས་ཕྱོགས་མང་རྐྱེན་སྲོལ་གྱི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་པ་དང་། རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་བར་མཐུན་སྒྲིལ་བྱེད་པ། འདྲ་མཉམ་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་རང་བཞིན་དང་བཟོད་སྒོམ་སྤྱི་ཕན་གྱི་དཔལ་འབྱོར་འཛམ་གླིང་ཅན་ལ་སྐུལ་འདེད་བཏང་ནས། འཛམ་གླིང་ལ་སྔར་ལས་མང་བའི་གཏན་འཇགས་རང་བཞིན་དང་ངེས་གཏན་རང་བཞིན་སྣོན་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་པཱ་ཞི་ཡིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་གི་པེ་ལོན་ཚོགས་ཆེན་བདེ་བླག་ངང་བསྡུ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན།

ལུའུ་ལཱ་ཡིས་ལིས་ཆང་བརྒྱུད་དེ་ཀྲུའུ་ཞི་ཞི་ཅིན་ཕིང་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་ཞུས། ལུའུ་ལཱ་ཡིས་བསྟན་དོན། པཱ་ཞི་དང་ཀྲུང་གོ་གཉིས་ཀྱི་མི་དམངས་བར་མཛའ་བརྩེ་ཟབ་མོ་ཡོད། པཱ་ཞི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་དང་ལག་གདང་མཉམ་སྦྲེལ་གྱིས་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུན་མོང་ངོས་འཛིན་དངོས་འབེབས་བྱེད་པ་དང་། མཐོ་རིམ་བར་གྱི་འགྲོ་འོང་སྔར་ལས་དམ་ཟབ་ཏུ་གཏོང་བ། ཉོ་འཚོང་དང་ཚན་རྩལ། དངུལ་རྩ། མཁའ་འགྲུལ་སོགས་ཁྱབ་ཁོངས་ཀྱི་བརྗེ་རེས་མཉམ་ལས་ལ་སྐུལ་བ་དང་། ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་སོགས་ཀྱི་མཉམ་ལས་ལ་ཤུགས་སྣོན་འདོད་ཡོད། ཀྲུང་གོའི་ཕྱོགས་མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་གི་པེ་ལོན་ཚོགས་ཆེན་སྟེང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད། པཱ་ཞི་ཕྱོགས་ཀྱིས་ཀྲུང་གོས་ད་ལོར་ཀྲུང་གོ་དང་ལཱ་ཏེན་མེ་གླིང་གི་གླེང་སྟེགས་ཀྱི་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་བཞི་པ་བདེ་བླག་ངང་བསྡུས་པར་རྟེན་འབྲེལ་ཞུ་བཞིན་ཡོད་ལ། ཀྲུང་གོའི་བར་གྱི་ཕྱོགས་མང་མཐུན་སྦྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མཉམ་དུ་ཕྱོགས་རྐྱང་རིང་ལུགས་ལ་འགོག་རྒོལ་དང་ཕྱོགས་མང་རིང་ལུགས་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོབ་བྱས་ཏེ། འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།

མཇལ་འཕྲད་ཀྱི་རྗེས་སུ། ཕྱོགས་གཉིས་ཀྱིས་ནོར་སྲིད་དངུལ་རྩ་དང་། མི་ཐབས་རིག་ནུས། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད། མཁའ་འགྲུལ་སོགས་ཁྱབ་ཁོངས་ནས་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

ས་གནས་དེའི་དུས་ཚོད་ཟླ7པའི་ཚེས5ཉིན་གྱི་ཕྱི་དྲོར་ལིས་ཆང་ཆེད་བཏང་གནམ་གྲུར་བཞུགས་ནས་ལི་ཡུའེ་རི་ནེ་ལུའུ་རུ་འབྱོར་བ་དང་། གནས་དེར་འབྱོར་སྐབས། པཱ་ཞི་སྲིད་གཞུང་གི་འཐུས་ཚབ་དང་ཀྲུང་གོའི་པཱ་ཞི་རུ་སྡོད་པའི་གཞུང་ཚབ་པ་ཀྲུའུ་ཆིན་ཆའོ་སོགས་གནམ་གྲུ་ཐང་དུ་ཡོང་ནས་བསུ་མ་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།