ལིའུ་གོ་ཀྲུང་གིས་ཀོང་ཏུང་དུ་རྟོག་ཞིབ་བྱས།
2025.07.06 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་གིས་ཟླ7པའི་ཚེས3ཉིན་ནས་ཚེས5ཉིན་བར་ཀོང་ཏུང་དུ་རྟོག་ཞིབ་བྱས།  ཁོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ་”ལས་དོན་དང་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་ཏེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལྟར་དུ། ཞིང་ལས་དང་སྨན་བཅོས་ཁྱབ་ཁོངས་ཀྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གང་མགྱོགས་གཏོང་བ་དང་། ས་གནས་ཀྱི་གནས་ཚུལ་དངོས་དང་བསྟུན་ནས་ཞིང་ལས་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་རང་བདག་གསར་གཏོད་ནུས་པ་ཆེ་རུ་གཏོང་བ། ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས་ཞེས་བསྟན།

ལིའུ་གོ་ཀྲུང་སྔ་རྗེས་སུ་ཧྲིན་ཀྲིན་གྲོང་ཁྱེར་དང་ཀོང་ཀྲོའུ་གྲོང་ཁྱེར་དུ་སོང་ནས། གྲུ་ཁ་དང་ཚན་རྩལ་གསར་གཏོད་ལྟེ་གནས། དེ་བཞིན་ཞིང་ལས་དང་ཞིང་ལས་འཕྲུལ་ཆས། གློག་རྡུལ། རྒྱལ་མཚམས་ལས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ཁེ་ལས་ལ་དམ་པོར་དམིགས་ཏེ། ཞིང་ལས་ཚན་རྩལ་གསར་གཏོད་དང་ཞིང་ལས་ཐོན་ལས་འཕེལ་རྒྱས། ཞིང་པ་ཞོར་ལས་པའི་ལས་གནས་བརྟན་གཏོང་དང་ལས་ཞུགས་སོགས་ཀྱི་འཕེལ་རིམ་གནས་ཚུལ་ལ་ཡུལ་དངོས་ནས་རྒྱུས་ལོན་བྱས། ཁོས་ཐོན་ལས་ཀྱི་མྱུར་མཁོ་དེ་ཕྱོགས་སྟོན་དུ་བཟུང་ནས། ས་བོན་ལས་རིགས་དང་ཞིང་ལས་འཕྲུལ་ཆས། གཟན་ཆས། འདེབས་འཛུགས་གསོ་སྤེལ་ལག་རྩལ་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ཏེ། ཞིང་ལས་ཚན་རྩལ་མཐུན་སྦྱོར་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་ཚན་རྩལ་གྱི་གྲུབ་འབྲས་འགྱུར་བ་ཇེ་མགྱོགས་སུ་གཏོང་བ་དང་། སྔོན་ཐོན་བཀོལ་སྤྱོད་ལག་རྩལ་གཞི་ཁྱོན་ཅན་གྱི་འདུས་གྲུབ་ཁྱབ་སྤེལ་གཏོང་བར་སྐུལ་འདེད་གཏོང་བ། ཞིང་ལས་ཚན་རྩལ་གྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བ་དང་ཞིང་ལས་དང་འབྲེལ་ཞིང་ཞིང་ལས་སྣེ་ཁྲིད་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས། རིག་ནུས་ཞིང་ལས་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་གང་ལེགས་བྱས་ཏེ། ཞིང་ལས་ཐད་བཀོལ་བའི་མི་མེད་གནམ་གྲུ་སོགས་ཞིང་ལས་འཕྲུལ་ཆས་སྒྲིག་ཆས་གསར་པ་ཁྱབ་གདལ་བཏང་ནས། ཞིང་ལས་ཐོན་སྐྱེད་ཀྱི་ལས་ཆོད་ཆེ་རུ་གཏོང་དགོས། ཞིང་ལས་ཐོན་རྫས་ལ་ལས་སྣོན་ཞིབ་ཚགས་བྱེད་པ་དང་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཞིང་ལས་ཀྱི་ཐོན་ལས་ཕྲེང་འབྲེལ་རིན་ཐང་གི་འབྲེལ་ཐག་སྔར་ལས་ཇེ་རིང་དུ་བཏང་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཕན་འབྲས་ཆེ་རུ་གཏོང་དགོས། རྗེས་འདེད་ལྟ་ཞིབ་ཚད་ལེན་དང་ལས་ཞུགས་མཛུབ་སྟོན། རྩལ་ནུས་གསོ་སྦྱོང་བཅས་ལ་ཤུགས་བསྣན་ཏེ། དབུལ་ཐར་མི་འབོར་དང་ཞིང་པ་ལས་བཟོ་པའི་ལས་གནས་བརྟན་གཏོང་དང་ལས་ཞུགས་ལ་རོགས་འདེགས་བྱེད་དགོས་ཞེས་ནན་གྱིས་བསྟན།

ལིའུ་གོ་ཀྲུང་གིས་ད་དུང་སྨན་བཅོས་ཡོ་བྱད་ཞིབ་འཇུག་གསར་སྤེལ་ཐོན་སྐྱེད་ཁེ་ལས་ལ་དངོས་བཅར་བྱས་ཏེ། ཐོན་རྫས་གསར་གཏོད་དང་བཀོལ་སྤྱོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གསར་གཏོད་སྐྱེ་ཁམས་མུ་མཐུད་ཇེ་ལེགས་སུ་གཏོང་བ། ཁེ་ལས་དང་སྨན་ཁང་། ཚན་རིག་ཞིབ་འཇུག་ལས་ཁུངས་བཅས་ཀྱིས་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་མདུན་གྲལ་ཚན་རྩལ་དང“འགག་རྩའི”ལག་རྩལ་ལ་དམ་པོར་དམིགས་ནས་སྐུལ་མ་གཏོང་བ་དང་། སྔར་ལས་གཅིག་སྡུད་མཁྲེགས་གཏོར་ལ་རྩ་འཛུགས་བྱས་ནས། ཐོན་སློབ་ཞིབ་སྤྱོད་མཉམ་འདྲེས་གཏིང་ཟབ་ཡོང་བར་ཤུགས་སྣོན་དགོས། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བར་སྐུལ་མ་གཏོང་བ་དང་། གཞི་གྲངས་ཆེན་མོ་དང་མིས་བཟོས་རིག་ནུས་སོགས་ལག་རྩལ་གསར་པ་འབད་པས་བེད་སྤྱོད་བྱས་ཏེ། གསར་གཏོད་སྨན་རྫས་དང་རྩེར་སོན་སྨན་བཅོས་ཡོ་བྱད་ཞིབ་འཇུག་གསར་སྤེལ་དང་ཐོན་སྐྱེད་ཀྱི་ཞན་ཆ་མགྱོགས་མྱུར་ངང་ཁ་གསབ་བྱས་ནས། མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་སྨན་རྫས་དང་སྨན་བཅོས་ཡོ་བྱད་ཀྱི་དགོས་མཁོ་སྔར་ལས་གང་ལེགས་ངང་སྐོང་དགོས། སྨན་རྫས་དང་སྨན་བཅོས་ཡོ་བྱད་ཁྱབ་ཁོངས་ཀྱི་རྒྱལ་ཡོངས་ཀྱི་གཅིག་གྱུར་ཁྲོམ་ར་ཆེན་མོ་མགྱོགས་མྱུར་ངང་བསྐྲུན་པ་དང་། ཁེ་ལས་རྒྱལ་སྤྱིའི་འགྲན་རྩོད་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ། སྨན་རྫས་ཐོན་ལས་འཕེལ་རྒྱས་གཏོང་བའི་བར་སྟོང་རྒྱ་སྐྱེད་གཏོང་དགོས་ཞེས་ནན་གྱིས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།