ཞི་ཅིན་ཕིང་གིས་ཨ་མེ་རི་ཁའི་མ་ལི་ལན་མངའ་སྡེའི་ན་གཞོན་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་རིག་གནས་བརྗེ་རེས་འཚམས་འདྲིའི་ཚོགས་པའི་དགེ་སློབ་རྣམས་ལ་ཕྱིར་ངག་འཕྲིན་སྤྲིངས།
2025.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མ་འོངས་པའི་ལོ་ལྔའི་རིང་ཨ་མེ་རི་ཁའི་ན་གཞོན་ལོ་ཆུང་ཁྲི་ལྔ་ཀྲུང་གོར་བརྗེ་རེས་དང་སློབ་སྦྱོང་བྱེད་པར་གདན་ཞུ་བྱེད་རྒྱུའི་གྲོས་འགོ་ཐད་ནས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཨ་མེ་རི་ཁའི་མ་ལི་ལན་མངའ་སྡེ་མོང་ཀོ་མ་ལི་ཅུན་གྱི་ན་གཞོན་ལོ་ཆུང་གི་ཕི་ཁེ་སྤོ་ལོ་རིག་གནས་བརྗེ་རེས་འཚམས་འདྲིའི་ཚོགས་པའི་དགེ་སློབ་ཚོར་ཕྱིར་ངག་འཕྲིན་སྤྲིངས།

ཞི་ཅིན་ཕིང་གིས་བསྟན་དོན།  ཁྱོད་ཚོ་ཀྲུང་གོར་འཚམས་འདྲིར་ཡོང་བར་རྟེན་འབྲེལ་ཞུས་པ་དང་།  ཕི་ཁེ་སྤོ་ལོའི་ལུས་རྩལ་དེ་ཀྲུང་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་ཀྱི་ན་གཞོན་ལོ་ཆུང་བར་གྱི་བརྗེ་རེས་ཀྱི་འབྲེལ་ཐག་གསར་པར་གྱུར་པར་དགའ་སྤྲོ་ཆེན་པོ་སྐྱེས་ཡོད། ཀྲུང་གོ་དང་ཨ་མེ་རི་ཁའི་འབྲེལ་བའི་མ་འོངས་པ་དེ་ན་གཞོན་རྣམས་ལ་རག་ལས་པས། ཁྱོད་ཚོ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་གྱི་ཕོ་ཉ་གསར་པ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་བའི་ཐད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་རྒྱུའི་རེ་བ་བཅངས་ཡོད།

དེའི་སྔོན་ལ། ཨ་རིའི་མ་ལི་ལན་མངའ་སྡེའི་མོང་ཀོ་མ་ལི་ཅུན་གྱི་ན་གཞོན་ལོ་ཆུང་གི་ཕི་ཁེ་སྤོ་ལོའི་རིག་གནས་བརྗེ་རེས་འཚམས་འདྲི་ཚོགས་པའི་དགེ་སློབ་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ལོ་ལྔར་ཁྲི་ལྔ”ཡི་གྲོས་འགོ་བཏོན་པར་ཐུགས་རྗེ་ཆེ་ཞུས་པ་དང་། ད་ལོའི་ཟླ4པར་ཁོ་ཚོ་ཀྲུང་གོར་འཚམས་འདྲིར་ཡོང་བ་མ་ཟད་ཕི་ཁེ་སྤོ་ལོའི་བརྗེ་རེས་སྤེལ་བའི་ཉམས་མྱོང་ངོ་སྤྲོད་བྱས་པ་དང་། ཐེངས་འདིའི་འཚམས་འདྲིའི་སྐབས་སུ་ཀྲུང་གོའི་ན་གཞོན་ལོ་ཆུང་གྲོགས་པོའི་བར་བརྗེད་དཀའ་བའི་མཛའ་བརྩེ་ཟབ་མོ་ཆགས་ཤིང་། ཀྲུང་གོའི་ན་གཞོན་ལོ་ཆུང་རྣམས་ཨ་རིར་འཚམས་འདྲི་བྱེད་པར་གདན་ཞུ་བྱ་རྒྱུའི་རེ་བ་ཡོད་པར་བསྟན།