ལིས་ཆང་གིས་ཨེ་ཙེ་ཨོ་ཕི་ཡའི་ཙུང་ལིར་མཇལ་འཕྲད་གནང་།
2025.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ7པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་པཱ་ཞི་རྒྱལ་ཁབ་ཀྱི་རྒྱལ་ས་ལི་ཡུའེ་རི་ནེ་ལུའུ་རུ། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མཇལ་འཕྲད་ཐེངས་བཅུ་བདུན་པར་ཞུགས་པའི་སྐབས་སུ། ཨེ་ཙེ་ཨོ་ཕི་ཡའི་ཙུང་ལི་ཨ་པིས་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་བར་འབྲེལ་བ་བཙུགས་ནས་ལོ55འཁོར་བའི་རིང་། རྒྱལ་སྤྱིའི་གནས་ཚུལ་ལ་འགྱུར་ལྡོག་ཇི་ལྟར་བྱུང་རུང་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ལྷག་བསམ་ཟོལ་མེད་ངང་ཕན་ཚུན་བར་ལྟ་སྐྱོང་དང་ཕན་ཚུན་བར་རོགས་རམ་བྱས་ནས། ཕྱོགས་གཉི་གའི་མཉམ་ལས་དུས་ཡུན་རིང་བོར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲས་སུ་སླེབས་ཡོད། ད་ལོའི་ཟླ6པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་གྲུབ་འབྲས་དངོས་འབེབས་མཐུན་སྦྱོར་བྱེད་མཁན་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས། ཀྲུང་གོས་ཨ་ཧྥེ་རི་ཁ་ཡི་འབྲེལ་བ་བཙུགས་པའི་རྒྱལ་ཁབ53གྱི100%ཡི་ཐོན་རྫས་ལ་སྒོ་ཁྲལ་མེད་པར་གཏོང་རྒྱུ་སོགས་བྱེད་ཐབས་གསར་པ་གལ་ཆེན་ཁྱབ་བསྒྲགས་བྱས། ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ་བྱེད་ཐབས་གསར་པ་དོན་འཁྱོལ་བྱེད་པ་གོ་སྐབས་སུ་བརྩིས་ནས། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་སྔར་ལས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་གཉི་གའི་ཕྱོགས་ཡོངས་ཀྱི་མཉམ་ལས་ཟབ་སྤེལ་བཏང་སྟེ། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡའི་འབྲེལ་བ་དེ་དུས་རབས་གསར་པའི་དུས་རྣམ་ཀུན་གྱི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་དཔེ་མཚོན་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་བྱེད་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོས་ཨེ་ཙེ་ཨོ་ཕི་ཡས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་རང་བདག་ངང་འཚོལ་ཞིབ་བྱེད་པར་སྔར་བཞིན་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྒྲོམ་གཞིའི་འོག་ཏུ། ཡ་ཏེ་སི་ཡ་པེ་པ་ནས་ཅི་ཕུའུ་ཐིས་བར་གྱི་ལྕགས་ལམ་གྱི་བཟོ་སྐྲུན་གཙོ་བོ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་དངུལ་གཏོང་གི་གཞི་ཁྱོན་སྔར་ལས་ཆེ་རུ་གཏོང་བ། རྨང་གཞིའི་སྒྲིག་ཆས་དང་ནུས་ཁུངས་གསར་པའི་རླངས་འཁོར། ལྗང་མདོག་ཐོན་ལས། གློག་རྡུལ་ཚོང་དོན། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་གཏོང་བ། ཡུལ་སྐོར་དང་ན་གཞོན། སློབ་གསོ་སོགས་ཐད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཀྲུང་གོ་དང་ཨེ་ཙེ་ཨོ་ཕི་ཡ་གཉིས་འཛམ་གླིང་སྟེང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་ལམ་སྲོལ་གྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས། ཕྱོགས་སོ་སོས་མཉམ་དུ་ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་རང་མོས་ཉོ་ཚོང་ལ་སྲུང་སྐྱོང་བརྟན་པོ་བྱས་ཏེ། འཛམ་གླིང་ལ་བརྟན་བརླིང་རང་བཞིན་དང་དྲང་ཕྱོགས་ཀྱི་ནུས་ཤུགས་སྔར་ལས་གང་མང་སྣོན་འདོད་ཡོད་ཅེས་གསུངས།

ཨ་པིས་ཀྱིས་ཨེ་ཙེ་ཨོ་ཕི་ཡ་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་མཐོ་རིམ་འགྲོ་འོང་སྔར་ལས་ཇེ་དམ་དུ་གཏོང་བ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་ལས་ཇེ་དྲག་ཏུ་གཏོང་བ། དཔལ་འབྱོར་ཉོ་ཚོང་དང་བཟོ་ལས། གཏེར་ལས། འཕྲིན་གཏོང་། མི་ཐབས་རིག་ནུས། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། ཡུལ་སྐོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་དང་། ཕྱོགས་མང་འབྲེལ་གཏུག་མཉམ་ལས་ལ་ཤུགས་བསྣན་ཏེ། རྒྱལ་ཁབ་གཉི་གའི་འབྲེལ་བ་རྒྱུན་མཐུད་ངང་གཏིང་ཟབ་ས་ནས་ཟབ་སའི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་འདོད་ཡོད་ཅེས་བསྟན།

བན་དེ་སྐྱབས་ཀྱིས་བསྒྱུར།