ལིས་ཆང་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པའི་དུས་རིམ་དང་པོའི་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་།
2025.07.07 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ7པའི་ཚེས6ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལི་ཡུའེ་རི་ནེ་ལུའུ་རུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པའི་དུས་རིམ་དང་པོའི་གྲོས་ཚོགས་ལ་ཞུགས་ཏེ། ཞི་བདེ་དང་བདེ་འཇགས། འཛམ་གླིང་བཅོས་སྒྱུར་བཅོས་སྐྱོང་སོགས་གྲོས་གཞིའི་ཐད་ནས་གསུང་བཤད་གནང་། གསེར་གྱོམ་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་གྲོས་ཚོགས་ལ་ཞུགས། པཱ་ཞི་ཡི་སྲིད་འཛིན་ལུའུ་ལཱ་ཡིས་དུས་རིམ་དང་པོའི་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིས་ཆང་གིས་བསྟན་དོན། མིག་སྔར། འཛམ་གླིང་གི་ལོ་བརྒྱའི་འགྱུར་ལྡོག་ཇེ་མགྱོགས་སུ་འགྲོ་བཞིན་ཡོད་ལ། རྒྱལ་སྤྱིའི་སྒྲིག་སྲོལ་དང་སྒྲིག་རིམ་ལ་བརྡབ་གསིག་ཚབས་ཆེན་ཐེབས་བཞིན་ཡོད་ཅིང་། ཕྱོགས་མང་རྐྱེན་སྲོལ་གྱི་དབང་ཟིལ་དང་ཕན་ནུས་ཉམ་ཞན་དུ་འགྲོ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་བཅས་ཀྱི་འཛམ་གླིང་བཅོས་སྐྱོང་དགོངས་པའི་དུས་རབས་ཀྱི་རིན་ཐང་དང་དངོས་ཡོད་དོན་སྙིང་སྔར་ལས་ཇེ་གསལ་དུ་འགྲོ་བཞིན་ཡོད་པས། འགལ་རྐྱེན་ཛ་དྲག་ཏུ་འགྲོ་བའི་དུས་འདིར། ང་ཚོས་འདྲ་མཉམ་བརྩི་འཇོག་གི་རྣམ་འགྱུར་བཟུང་ནས་མཉམ་གྲོས་བཟང་པོ་ཞིག་བྱེད་དགོས། མཉམ་འདྲེས་གཏིང་ཟབ་བྱུང་བའི་ཐུན་མོང་གི་ཁེ་ཕན་མདུན་དུ། ང་ཚོས་མཐུན་སྒྲིལ་མཉམ་ལས་ཀྱི་བྱེད་ཐབས་སྤྱད་ནས་མཉམ་སྐྲུན་ལེགས་པོ་ཞིག་བྱེད་དགོས། མཉམ་འདུས་གཉིས་ཕན་གྱི་འཕེལ་རྒྱས་གོ་སྐབས་མདུན་དུ། ང་ཚོས་ཕན་ཚུན་གཞོགས་འདེགས་ཀྱི་ཁོག་རྒྱ་བསྐྱེད་དེ་མཉམ་སྤྱོད་ལེགས་པོ་ཞིག་བྱེད་དགོས།

ལིས་ཆང་གིས་ནན་གྱིས་བསྟན་དོན། གསེར་གྱོམ་རྒྱལ་ཁབ་དེ་འཛམ་གླིང་ལྷོ་ཕྱོགས་ཀྱི་ཤུགས་འདོན་མཁན་གཙོ་བོ་ཡིན་པའི་ཆ་ནས། རང་བདག་རང་སྤེལ་རྒྱུན་འཁྱོངས་བྱེད་དགོས་ཤིང་། འགན་འཁྲིའི་ཁག་ཁུར་མངོན་པར་བྱེད་དགོས་ལ། ཐུན་མོང་ངོས་འཛིན་གཅིག་སྡུད་དང་མཉམ་ཤུགས་གཅིག་འདུས་ཀྱིས་སྔར་ལས་ལྷག་པའི་བྱེད་ཕྱོགས་མངོན་པར་བྱས་ཏེ། འབད་བརྩོན་ཆེན་པོས་འཛམ་གླིང་བཅོས་སྐྱོང་འཕེལ་འགྱུར་གྱི་སྔོན་སྐྱོད་སྟོབས་ཤུགས་སུ་འགྱུར་བར་བྱེད་དགོས། བདེན་ལུགས་དམ་སྲུང་བྱས་ཏེ་འཛམ་གླིང་ཞི་བདེ་ལྷིང་འཇགས་ཡོང་བར་སྲུང་སྐྱོབ་བྱེད་དགོས། ཞི་བའི་ཐབས་ལ་བརྟེན་ནས་རྩོད་གཞི་སེལ་བར་སྐུལ་འདེད་གཏོང་བ་དང་། དོན་དག་གི་དཀར་ནག་གཞིར་བཟུང་ནས་རྩ་བ་ནས་བཅོས་སྐྱོང་ཐུབ་པའི་ཐབས་ཇུས་འཚོལ་ཞིབ་བྱེད་དགོས། འཕེལ་རྒྱས་དམིགས་སུ་བཟུང་སྟེ་དཔལ་འབྱོར་འཕར་སྣོན་གྱི་སྒུལ་ནུས་ཆེ་རུ་བསྐྱེད་དགོས། འཕེལ་རྒྱས་མཉམ་ལས་ལ་སྣེ་ཁྲིད་གང་ལེགས་བྱས་ཏེ་གསར་དར་ཁྱབ་ཁོངས་ཀྱི་འཕར་སྣོན་སྦས་ཤུགས་སྔོག་འདོན་བྱེད་དགོས། ད་ལོར་ཀྲུང་གོའི་ཕྱོགས་ཀྱིས་ཀྲུང་གོ་དང་གསེར་གྱོམ་རྒྱལ་ཁབ་ཀྱི་སྤུས་གསར་ཐོན་སྐྱེད་ནུས་ཤུགས་ཞིབ་འཇུག་ལྟེ་གནས་ཤིག་འཛུགས་རྒྱུ་མ་ཟད། གསེར་གྱོམ་རྒྱལ་ཁབ་ཀྱི་བཟོ་ལས་གསར་པའི་ཅིན་ལུའུ་ཁྱད་འཕགས་སློབ་རོགས་དངུལ་རྩ་འཛུགས་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱིས་བཟོ་ལས་དང་ཆ་འཕྲིན་སོགས་ཁྱབ་ཁོངས་ཀྱི་འཇོན་མི་གསོ་སྐྱོང་བྱེད་པར་རོགས་ཤུགས་འདོན་རྒྱུ་ཡིན། ཁོངས་ཡངས་བཟོད་སྒོམ་ལ་བརྟེན་ནས་དཔལ་ཡོན་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་སྐུལ་འདེད་གཏོང་དགོས། དཔལ་ཡོན་འཆམ་མཐུན་མཉམ་གནས་ཀྱི་སྐུལ་ཁྲིད་མཁན་བྱས་ཏེ། དཔལ་ཡོན་མི་འདྲ་བར་གཟི་འོད་མཉམ་འཕྲོ་དང་ཕན་ཚུན་ཡར་སྐུལ་མཉམ་འཕེལ་ཡོང་བ་འབད་པས་མངོན་འགྱུར་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་གྱི་རྒྱལ་ཁབ་སོ་སོ་དང་མཉམ་དུ་འབད་བརྩོན་བྱས་ཏེ། འཛམ་གླིང་བཅོས་སྐྱོང་ལས་དོན་སྔར་ལས་དྲང་གཞག་ལུགས་མཐུན་དང་ཕན་ནུས་མཐོ་ཞིང་གོ་རིམ་ལྡན་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། ལག་གདང་སྦྲེལ་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཛམ་གླིང་ཞིག་བསྐྲུན་དགོས།

ཚོགས་ཞུགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་བསྟན་དོན། གསེར་གྱོམ་མཉམ་ལས་རྐྱེན་སྲོལ་རྒྱུན་ཆད་མེད་པར་རྒྱ་སྐྱེད་འཕེལ་རྒྱས་འབྱུང་བཞིན་ཡོད་ལ། འཐུས་ཚབ་རང་བཞིན་སྔར་ལས་ཤུགས་དྲག་ཏུ་གྱུར་ཡོད་ཅིང་། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཉིན་རེར་ཇེ་ཆེར་གྱུར་ནས། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་རང་བདག་འཕེལ་རྒྱས་ཀྱི་ཁེ་དབང་སྲུང་སྐྱོང་དང་། རྒྱལ་སྤྱིའི་འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བྱེད་པ། འཛམ་གླིང་བཅོས་སྐྱོང་མ་ལག་གི་བཅོས་སྒྱུར་ཁྲོད་ཞུགས་པར་སྟེགས་བུ་གལ་ཆེན་འདོན་སྤྲོད་བྱས་ཡོད། ད་ལོར་འཛམ་གླིང་སྔར་ལས་ཟང་ཟིང་དུ་གྱུར་ཏེ། ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ཀྱི་ངན་ཤུགས་རྒྱས་བཞིན་ཡོད་སྟབས། གསེར་གྱོམ་རྒྱལ་ཁབ་ཀྱིས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་སྒྲིག་སྲོལ་གྱི་བརྗོད་སྙིང་དང་རྩ་དོན་སྲུང་སྐྱོང་བྱེད་དགོས་ལ། ཕྱོགས་མང་རིང་ལུགས་ལག་བསྟར་དང་དེར་སྲུང་སྐྱོབ་བྱས་ནས། ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་དང་། འཛམ་གླིང་བཅོས་སྐྱོང་ལེགས་བཅོས་གཏོང་བ། འཛམ་གླིང་གི་ཡུན་རིང་ཞི་བདེ་དང་དར་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་མང་བའི་བྱས་རྗེས་འཇོག་དགོས།

གྲོས་ཚོགས་སྟེང་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་ཚོགས་ཐེངས་བཅུ་བདུན་པའི་ལི་ཡུའེ་རི་ནེ་ལུའུ་ཡི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

རིག་འཛིན་སྒྲོལ་མས་བསྒྱུར།