མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་བྱུང་ནས་ལོ་གྱ་བརྒྱད་འཁོར་བར་རྗེས་དྲན་ཞུ་བའི་མཛད་སྒོ་དང《མི་རིགས་བཅིངས་འགྲོལ་དང་འཛམ་གླིང་ཞི་བདེའི་ཆེད་དུ》ཞེས་པའི་བརྗོད་དོན་འགྲེམ་སྟོན་འགོ་རྩོམ་པའི་མཛད་སྒོ་ཚེས7ཉིན་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་གསུང་བཤད་གནང་བ་མ་ཟད་འགྲེམ་སྟོན་འགོ་བརྩམས་པ་ཁྱབ་བསྒྲགས་གནང་།
ལུའུ་ཀུག་ཟམ་པའི་འགྲམ་དུ། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་རྗེས་དྲན་ཁང་ཧ་ཅང་རྔམ་བརྗིད་ལྡན། སྔ་དྲོའི་ཆུ་ཚོད་དགུའི་སྟེང་མཛད་སྒོ་དངོས་སུ་འགོ་བརྩམས། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་དཔུང་རོལ་ཆའི་རུ་ཁག་གིས《བློས་བླངས་དམག་གི་མདུན་སྐྱོད་གླུ་གཞས》དཀྲོལ་པ་དང་། ཚོགས་ར་ཡོངས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས། དེའི་རྗེས་སུ། ཚོགས་ར་ཡོངས་གུས་སྟབས་ཀྱིས་ཡར་ལངས་ནས། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ཁྲོད་དཔའ་ངར་ཆེན་པོས་རང་སྲོག་བློས་བཏང་བའི་སྔོན་གཤེགས་དཔའ་བོར་ངག་བསྡམས་ནས་མྱ་ངན་ཞུས།
ཚའེ་ཆི་ཡིས་གསུང་བཤད་གནང་སྐབས་བསྟན་དོན། ལོ་ངོ་གྱ་བརྒྱད་ཀྱི་སྔོན་ལ། འཇར་པན་དམག་རྒྱལ་རིང་ལུགས་ཀྱིས་བསམ་ངན་ཁོག་ལ་བཅངས་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཧ་ལས་པའི་ལུའུ་ཀུག་ཟམ་པའི་དུས་འགྱུར་བཟོས་ནས་མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་བྱུང་། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་གོ་འཇར་འགོག་དམག་འཁྲུག་གི་མདུན་སྐྱོད་ཀྱི་ཁ་ཕྱོགས་ལ་སྣེ་ཁྲིད་དེ། མི་རིགས་ཡོངས་ཀྱི་འཇར་འགོག་དམག་འཁྲུག་གི་སྟོབས་ཤུགས་གཙོ་བོར་གྱུར་བ་དང་། ཀྲུང་ཧྭའི་བུ་དང་བུ་མོས་གཅིག་རྗེས་གཅིག་སྐྱོང་དང་སེམས་ཤུགས་གཅིག་སྒྲིལ་བྱས་པས། ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ལ་རླབས་ཆེན་གྱི་རྒྱལ་ཁ་ཐོབ་ནས། འཛམ་གླིང་གི་ཧྥ་ཞི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་གི་རྒྱལ་ཁ་ལེན་པའི་ཐད་བྱས་རྗེས་ཆེན་པོ་བཞག བརྗོད་དོན་གཙོ་བོའི་འགྲེམ་སྟོན་གྱིས་ཀྲུང་གོ་མི་དམངས་ཀྱི་ལོ་ངོ་བཅུ་བཞིའི་རིང་གི་དཀའ་སྡུག་ཆེ་བའི་འཇར་འགོག་དམག་འཁྲུག་གི་འོད་སྟོང་འབར་བའི་ལོ་རྒྱུས་འགྲེམ་སྟོན་བྱས།
ཚའེ་ཆི་ཡིས་གསུང་རྒྱུར། འཐབ་ལམ་གསར་པའི་སྟེང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཞི་སི་ལ་ངོ་རྒོལ་བྱེད་པའི་དམག་འཁྲུག་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རླབས་ཆེ་བའི་འཇར་འགོག་དམག་འཁྲུག་གི་སྙིང་སྟོབས་དར་སྤེལ་བཏང་ནས། རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་རྒྱུན་ཆད་མེད་པར་མདུན་དུ་བསྐྱོད་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཏེ། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་ནས། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་བློ་རྩ་བརྟན་པོས་གསར་གཏོད་ཡར་བརྩོན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་ཀྲུང་ཧྭའི་བུ་དང་བུ་མོའི་མཐུན་སྒྲིལ་ཆེན་པོར་ཤུགས་བསྣན་ནས། ལག་གདང་སྦྲེལ་ནས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གསར་སྐྲུན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་མིའི་རིགས་ཀྱི་ཞི་བདེའི་དྲང་བདེན་གྱི་བྱ་གཞག་སྲུང་སྐྱོང་བྱས་ཏེ། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།
ཚའེ་ཆི་སོགས་འགོ་ཁྲིད་བློ་མཐུན་གྱིས་ལས་རིགས་སོ་སོའི་མང་ཚོགས་འཐུས་ཚབ་དང་མཉམ་དུ་འཇར་འགོག་དམག་འཁྲུག་གི་སྔོན་གཤེགས་དཔའ་བོར་མེ་ཏོག་ཕུལ་བ་མ་ཟད། བརྗོད་དོན་གཙོ་བོའི་འགྲེམ་སྟོན་ལ་གཟིགས་སྐོར་གནང་།
ཝང་དབྱི་དང་ལི་ཧྲུའུ་ལེ། ཀྲང་ཡིའུ་ཞ། ཝང་ཞའོ་ཧུང་། ཀྲང་ཆིང་ཝེ། ཝུའུ་ཀྲིན་ལུང་། ཝང་ཡུང་། ལིའུ་ཀྲིན་ལིས་ བཅས་ཚོགས་འདུར་ཞུགས། དབྱིན་ལིས་ཀྱིས་མགོ་འཛིན་བྱས།