ལིས་ཆང་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་བཅུ་བདུན་པའི་དུས་རིམ་གཉིས་པ་དང་གསུམ་པའི་གྲོས་ཚོགས་ལ་ཞུགས།
2025.07.08 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ7པའི་ཚེས6ཉིན་དང་ཚེས7ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་ལི་ཡུའེ་རི་ནེ་ལུའུ་རུ་གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ཐེངས་བཅུ་བདུན་པའི་དུས་རིམ་གཉིས་པ་དང་གསུམ་པའི་གྲོས་ཚོགས་ལ་ཞུགས་ཏེ། ཕྱོགས་མང་རིང་ལུགས་ལ་ཤུགས་སྣོན་དང་། མི་ཐབས་རིག་ནུས། ཁོར་ཡུག་དང་ནམ་ཟླའི་འགྱུར་ལྡོག འཛམ་གླིང་འཕྲོད་བསྟེན་སོགས་གྲོས་གཞིར་དམིགས་ནས་གསུང་བཤད་གནང་། གསེར་གྱོམ་ཁོངས་གཏོགས་རྒྱལ་ཁབ་དང་སྤུན་ཟླའི་རྒྱལ་ཁབ། སྐུ་མགྲོན་རྒྱལ་ཁབ་བཅས་ཀྱི་འགོ་ཁྲིད་པ་དང་། རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་གྲོས་ཚོགས་ལ་ཞུགས།

ལིས་ཆང་གིས་བསྟན་དོན། མིག་སྔར་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་རིམ་དང་། ཕྱོགས་མང་ཉོ་ཚོང་རྐྱེན་སྲོལ་ལ་བརྡབ་གསིག་ཆེན་པོ་ཐེབས་ནས་འཛམ་གླིང་དཔལ་འབྱོར་སླར་གསོའི་ལས་དོན་དཀའ་ཁག་ལ་འཕྲད་ཡོད། གསེར་གྱོམ་མཉམ་ལས་ཀྱིས་ཐོག་མའི་བསམ་འདུན་རྒྱུན་འཛིན་དང་དུས་རབས་ཀྱི་དགོས་མཁོ་དང་མཐུན་པར་བྱས་ཏེ། ཕྱོགས་མང་རིང་ལུགས་སྲུང་སྐྱོང་དང་ལག་བསྟར་བྱེད་དགོས་ལ། འདྲ་མཉམ་སྒོ་འབྱེད་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྒྲིག་རིམ་འཛུགས་པར་སྐུལ་འདེད་གཏོང་བ་དང་། འཛམ་གླིང་ལྷོ་ཕྱོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་འཛམ་གླིང་གི་བརྟན་འཇགས་འཕེལ་རྒྱས་ཀྱི་ཆེད་དུ་བྱས་རྗེས་ཆེན་པོ་འཇོག་དགོས། གཅིག སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་པར་འབད་འབུངས་བྱེད་དགོས། དར་ཆ་གསལ་སྟོན་གྱིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོབ་རིང་ལུགས་ལ་ངོ་རྒོལ་བྱེད་པ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་གཞི་རྩའི་རྩ་དོན་སྲུང་སྐྱོང་བྱེད་དགོས་ལ། ཉོ་ཚོང་དང་དངུལ་གཏོང་རང་མོས་ཅན་དང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ནས། ཐོན་ལས་ཕྲེང་འབྲེལ་དང་མཁོ་འདོན་ཕྲེང་འབྲེལ་བརྟན་འཇགས་གེགས་མེད་ཡོང་བར་སྲུང་སྐྱོང་བྱེད་དགོས། ཀྲུང་གོ་ཕྱོགས་ཀྱིས་གསེར་གྱོམ་རྒྱལ་ཁབ་ཀྱི་དམིགས་བསལ་དཔལ་འབྱོར་ཁུལ་གྱི་ཀྲུང་གོའི་མཉམ་ལས་ལྟེ་གནས་ཤིག་བཙུགས་ཡོད་ཅིང་། ཕྱོགས་སོ་སོ་དང་མཉམ་དུ་མཉམ་ལས་དྲ་རྒྱ་ཞིག་འཛུགས་འདོད་ཡོད། གཉིས། རྒྱལ་སྤྱིའི་དངུལ་རྩ་མཉམ་ལས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བར་འབད་འབུངས་བྱེད་དགོས། ཀྲུང་གོའི་ཕྱོགས་ཀྱིས་གསར་སྤེལ་དངུལ་ཁང་གསར་པ་ཇེ་རྒྱས་ཇེ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་འདོད་ཡོད་ལ། ཆ་རྐྱེན་དང་མཐུན་པའི་འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོའི་དངུལ་རྩའི་ཁྲོམ་རར་དངུལ་གཏོང་བྱེད་པར་དགའ་བསུ་ཞུ་བཞིན་ཡོད། འཛམ་གླིང་དངུལ་ཁང་གི་རྐང་འཛིན་དབང་ཆར་གྲོས་ཞིབ་དང་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩའི་རྩ་འཛུགས་ཀྱི་ཐོབ་སྐལ་བསྡུར་ཚད་སྙོམ་སྒྲིག་བྱེད་པར་སྐུལ་འདེད་བཏང་ནས། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཐུས་ཚབ་རང་བཞིན་དང་སྨྲ་བརྗོད་དབང་ཆ་ཇེ་ཆེར་གཏོང་དགོས། གསུམ། དཔལ་འབྱོར་འཕར་སྣོན་གྱི་འཆར་གཞི་གསར་པ་འགོད་པར་འབད་འབུངས་བྱེད་དགོས། གཞི་གྲངས་དང་ལྗང་མདོག་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་ནས། མི་ཐབས་རིག་ནུས་ཀྱིས་ལས་རིགས་སྟོང་ཕྲག་མང་པོ་དང་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་ནུས་བསྐྲུན་པ་དང་། འཛམ་གླིང་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་ཐད་རོགས་ཤུགས་འདོན་དགོས། ཀྲུང་གོའི་ཕྱོགས་ཀྱིས་འཛམ་གླིང་འཕེལ་རྒྱས་གྲོས་གཞིའི་སྒྲོམ་གཞིའི་འོག་གཞི་གྲངས་ལྷོ་ཕྱོགས་ཀྱི་ཚོང་རྟགས་ཤིག་བསྐྲུན་འཆར་ཡོད་ལ། མ་འོངས་པའི་ལོ་ལྔའི་ནང་ལྷོ་ཕྱོགས་རྒྱལ་ཁབ་དུ་གཞི་གྲངས་དཔལ་འབྱོར་དང་མི་ཐབས་རིག་ནུས་ཀྱི་གསོ་སྦྱོང་རྣམ་གྲངས་ཐེངས200སྤེལ་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་རྒྱལ་ཁབ་སོ་སོ་ད་ལོའི་ཟླ7པར་ཀྲུང་གོ་ནས་སྤེལ་རྒྱུ་ཡིན་པའི་འཛམ་གླིང་མི་ཐབས་རིག་ནུས་ཀྱི་ཚོགས་ཆེན་སྟེང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད།

ལིས་ཆང་གིས་བསྟན་དོན། དེང་སྐབས་འཛམ་གླིང་གི་ནམ་ཟླ་དང་ཁོར་ཡུག འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་ངེས་གཏན་མིན་པའི་ཉེན་ཁ་ཇེ་ཆེར་འགྲོ་བཞིན་ཡོད་པས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཐུན་མོང་ངོས་འཛིན་རྒྱ་ཁབ་ངང་གཅིག་སྡུད་བྱེད་པ་དང་། ནུས་ལྡན་གྱི་འགུལ་སྐྱོད་སྤེལ་དགོས་ལ་ལག་རྡང་སྦྲེལ་ནས་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་དགོས། གཅིག ནམ་ཟླའི་འགྱུར་ལྡོག་ལ་ཁ་གཏད་འཇལ་བའི་མཉམ་ཤུགས་མང་པོ་གཅིག་ཏུ་བསྡུ་དགོས། མཉམ་འབྲེལ་རྒྱལ་ཚོགས་ནམ་ཟླའི་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་དང་ཕ་རེ་སིའི་གྲོས་ཆོད་དངོས་འབེབས་བྱེད་པ་དང་། ཐུན་མོང་དང་བར་ཁྱད་ཡོད་པའི་འགན་འཁྲིའི་རྩ་དོན་བརྩི་སྲུང་བྱེད་དགོས་ལ། དག་གཙང་ནུས་ཁུངས་དང་། ཐཱན་གྲོང་ཁྱེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། དར་རྒྱས་རྒྱལ་ཁབ་ཀྱིས་མ་དངུལ་དང་ལག་རྩལ་སོགས་ཕྱོགས་ཀྱི་དམ་བཅའ་ལག་བསྟར་བྱེད་པར་སྐུལ་མ་གཏོང་དགོས། གཉིས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དོན་དངོས་གྲུབ་འབྲས་ཇེ་མཐོར་གཏོང་དགོས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་པ་རྒྱུན་འཁྱོངས་དང་། མ་ལག་བཅོས་སྐྱོང་ལ་སྐུལ་ཁྲིད་བྱེད་དགོས་ཤིང་། སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐང་རྒོད་ཅན་འགོག་བཅོས་སྤྱི་ཆིངས་ལག་བསྟར་བཟང་པོ་བྱེད་དགོས། གསུམ། སྤྱི་བའི་འཕྲོད་བསྟེན་མ་ལག་གི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་འཕྲོད་བསྟེན་བཅོས་སྐྱོང་ཁྲོད་ཀྱི་མཐུན་སྦྱོར་བྱེད་ནུས་མུ་མཐུད་དུ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་། གསེར་གྱོམ་འགོག་སྨན་ཞིབ་འཇུག་ལྟེ་གནས་སོགས་སྟེགས་བུའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། འཛམ་གླིང་ལྷོ་ཕྱོགས་སུ་སྔར་ལས་མང་བའི་སྤྱི་བའི་ཐོན་རྫས་འདོན་སྤྲོད་བྱེད་དགོས། ཀྲུང་གོས་དུས་ཡུན་རིང་པོར་དམ་བཅའ་བརྩི་སྲུང་དང་ལག་བསྟར་བྱེད་པ་རྒྱུན་འཁྱོངས་བྱས་ནས། རང་ནུས་ཅི་ཡོད་ཀྱིས་འཛམ་གླིང་གི་དགོས་མཁོ་སྐོང་བའི་ཐད་བྱས་རྗེས་མི་དམན་པ་བཞག་ཡོད། ཀྲུང་གོས་མུ་མཐུད་དུ་སྔར་ལས་མང་བའི་དོན་དངོས་འགུལ་སྐྱོད་ལ་བརྟེན་ནས། འགན་འཁྲི་མཐའ་འཁྱོལ་སྒྲུབ་པ་དང་། ཕྱོགས་སོ་སོ་དང་མཉམ་དུ་སྔར་ལས་ལྗང་མདོག་དང་བདེ་ཐང་། རྒྱུན་མཐུད་ཐུབ་པའི་འཛམ་གླིང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།

གྲོས་ཚོགས་སྟེང་། གསེར་གྱོམ་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་མི་ཐབས་རིག་ནུས་ཀྱིས་འཛམ་གླིང་བཅོས་སྐྱོང་བྱེད་པའི་སྐོར་གྱི་གསལ་བསྒྲགས་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་ནམ་ཟླའི་མ་དངུལ་སྒྲོམ་གཞིའི་བསྒྲགས་གཏམ་ལ་གྲོས་འཆམ་བྱུང་།

རིག་འཛིན་སྒྲོལ་མས་བསྒྱུར།