ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་རྟོག་ཞིབ་བྱས།
2025.07.09 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས8ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ལུའོ་ཏུང་ཁྲོན་གྱིས་ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་རྟོག་ཞིབ་བྱེད་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཚན་རྩལ་གསར་གཏོད་ཀྱི་རྒྱས་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱིས་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ཁྲོད་ཟིན་པའི་འཐབ་ཇུས་ངེས་གནས་དམ་འཛིན་ནན་མོ་བྱེད་པ་དང་། ཡང་དག་པའི་ཚན་རིག་ཞིབ་འཇུག་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ།    ཕན་ནུས་ལྡན་པའི་སྒོ་ནས་ཐོན་ཁུངས་ཀྱི་རྒྱུ་རྐྱེན་གཙོ་བོར་དམིགས་ཏེ། ཡིད་ཆེས་བརྟན་པོ་དང་དངོས་སྒྲུབ་སྔོན་བརྩོན་བྱས་ནས། སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆུ་ཚད་མཐོ་བའི་ཚན་རྩལ་གསར་གཏོད་སྟེགས་བུ་བསྐྲུན་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཁྲོད་བྱས་རྗེས་གསར་པ་འཇོག་དགོས་པའི་སྐུལ་མ་གནང་།

ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་གི་ཚན་རྩལ་གྲུབ་འབྲས་འགྲེམས་སྟོན་ཁང་དང་།    ཚྭ་མཚོ་རྫས་འགྱུར་དབྱེ་ཞིབ་ཚད་ལེན་ལྟེ་གནས།    ཚྭ་མཚོ་ཐོན་ཁུངས་རྫས་འགྱུར་གཙོ་གནད་ཚོད་ལྟ་ཁང་བཅས་སུ་བསྐྱོད་དེ། ལུའོ་ཏུང་ཁྲོན་གྱིས་ཞིབ་འཇུག་ཁང་གི་འཕེལ་རྒྱས་ལོ་རྒྱུས་དང་ཚན་རྩལ་གསར་སྤེལ།  ལག་རྩལ་བཀོལ་སྤྱོད་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས། ཁོས་བསྟན་དོན། འཛམ་གླིང་ཚྭ་མཚོའི་ཚན་རིག་དང་སྔོན་ཐོན་ལག་རྩལ་ལ་རྐང་བཙུགས་ནས། ཚྭ་མཚོའི་ཕྱོགས་བསྡུས་བེད་སྤྱོད་དང་རིན་ཐང་མཐོ་བའི་རྒྱུ་ཆ་གསར་སྤེལ་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་བསྐྲུན་ཆེད་བྱས་རྗེས་གསར་པ་འཇོག་དགོས། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་དུ་ལུའོ་ཏུང་ཁྲོན་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་སྣ་མང་རང་བཞིན་དང་སྐྱེ་ཁམས་སྲུང་སྐྱོབ་གཙོ་གནད་ཚོད་ལྟ་ཁང་དང་། མཐོ་སྒང་ཉ་རིགས་གསོ་སྤེལ་ཐོན་ཁུངས་ཁང་།   མདོ་དབུས་མཐོ་སྒང་གི་སྐྱེ་དངོས་དམར་དཔེ་ཁང་། རྒྱལ་ཁབ་སྐྱེ་དངོས་རིགས་རྫས་ཐོན་ཁུངས་མཛོད་ཁང་བཅས་སུ་བསྐྱོད་དེ་ཞིབ་འཇུག་ཁང་གི་ལོ་རྒྱུས་འཕེལ་རིམ་དང་མཚོན་རྟགས་གྲུབ་འབྲས། རྩི་ཤིང་གི་དངོས་དཔེ་འཚོལ་བསྡུ། རིགས་རྫས་ཐོན་ཁུངས་མཛོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་རྗེས། ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ཏེ། མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཚན་རྩལ་གྱི་འདེགས་སྐྱོར་དང་སྣེ་ཁྲིད་ནུས་པ་སྔར་ལས་ལེགས་པར་བཏོན་ནས། རྒྱལ་ཁབ་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་ཆེད་ཚན་རྩལ་གྱི་སྟོབས་ཤུགས་སྔར་ལས་ཆེན་པོ་འདོན་དགོས་པའི་སྐུལ་ལྕག་བྱས།

རྟོག་ཞིབ་ཁྲོད། ལུའོ་ཏུང་ཁྲོན་གྱིས་བསྟན་དོན། ཀྲུང་གོ་ཚན་རིག་གླིང་མཚོ་སྔོན་ཚྭ་མཚོ་ཞིབ་འཇུག་ཁང་དང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་ནི་ཚྭ་མཚོ་ཞིབ་འཇུག་དང་མདོ་དབུས་མཐོ་སྒང་གི་སྐྱེ་དངོས་ཞིབ་འཇུག་གི“རྒྱལ་ཁབ་རུ་ཁག”དང“གཙོ་ཤུགས་དམག”ཡིན་པ་དང་།  རྒྱལ་ཁབ་ཀྱི་འཐབ་ཇུས་དགོས་མཁོར་ཞབས་འདེགས་ཞུ་བ་དང་ས་ཁོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་གལ་ཆེན་ཁུར་ཡོད། མིག་སྔར། རེས་སྐོར་གསར་པའི་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་ལ་ཁ་གཏད་དེ། རྒྱང་རིང་ལ་དམིགས་པ་རྒྱུན་འཁྱོངས་དང་ཡུན་རིང་གི་བཀོད་སྒྲིག་ལ་མཐོང་ཆེན་བྱེད་པ། མཐོ་སྒང་གི་ཁྱད་ཆོས་འབུར་དུ་བཏོད་དེ།   རྨང་གཞིའི་ཞིབ་འཇུག་ལ་ཤུགས་སྣོན་པ་དང་ཐོག་མའི་གསར་གཏོད་ནུས་པ་ཆེ་རུ་བཏང་ནས། འགག་རྩའི་ལྟེ་བའི་ལག་རྩལ་དང་སྔོན་ཐོན་ལག་རྩལ་ཐད་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱས་ནས། བྱང་ཚད་མཐོ་བའི་ཚན་རྩལ་འཇོན་མི་སྔར་ལས་མང་པོ་གསོ་སྐྱོང་བྱ་དགོས།     ཚན་རྩལ་ཞིབ་འཇུག་གསར་སྤེལ་དང་གྲུབ་འབྲས་ཚུལ་སྒྱུར་གཉིས་དམ་འཛིན་བྱས་ཏེ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཀྱི་མཉམ་འདྲེས་ཟབ་མོར་སྐུལ་འདེད་གཏོང་བ་དང་།    ཐོན་སློབ་ཞིབ་སྤྱོད་ཟུང་འབྲེལ་དམ་ཟབ་བྱ་རྒྱུར་སྔར་ལས་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་ཚན་རྩལ་གྱི་གྲུབ་འབྲས་དང་ཐོན་ལས་ཀྱི་གྲུབ་འབྲས་སྔར་ལས་མང་པོ་ལེན་དགོས། 

ཤ་བོ་རིན་མཚོས་བསྒྱུར།