ཀྲའོ་ལི་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་མཛད།
2025.07.09 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་ཟླ7པའི་ཚེས6ཉིན་ནས་ཚེས8ཉིན་བར་མཚོ་སྔོན་དུ་རྟོག་ཞིབ་མཛད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་ཤིང་། ཏང་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་ལེན་དངོས་འབེབས་བྱས་ཏེ། སྤུས་ཚད་མཐོ་བའི་སྒོ་ནས་དམངས་ཆེན་ཁྲིམས་འཛུགས་དང་ལྟ་སྐུལ། འཐུས་མི་སོགས་ཀྱི་བྱ་བ་བཟང་བོར་སྒྲུབ་ནས། ལོ་ལྔའི་འཆར་འགོད་བཅུ་བཞི་པ་བདེ་བླག་ངང་མཇུག་བསྒྲིལ་བར་བྱས་རྗེས་འཇོག་དགོས་ཞེས་ནན་གྱིས་གསུངས།

ཟླ7པའི་ཚེས6ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཟླ7པའི་ཚེས7ཉིན། ཀྲའོ་ལི་ཅི་ཡིས་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཝུན་ཧོས་སྲང་ལམ་གྱི་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་དུ་རྟོག་ཞིབ་མཛད་པའི་རྣམ་པ་རེད།

ཀྲའོ་ལི་ཅི་སྔ་གཞུག་ཏུ་ཟི་ལིང་དང་མཚོ་ཤར་གྱི་དམངས་ཆེན་འཐུས་མིའི་འབྲེལ་གཏུག་ཁང་དང་ཁེ་ལས། ཞིང་སྡེ་སོགས་སུ་ཕེབས་ནས། དམངས་ཆེན་འཐུས་མི་དང་མང་ཚོགས་བར་བསམ་ཚུལ་བརྗེ་རེས་མཛད་པ་དང་། དམངས་ཆེན་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བསམ་འཆར་དང་གྲོས་གཞིར་ཉན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཁུངས་སུ་རྟོག་ཞིབ་མཛད་སྐབས། ལས་ཁུངས་ཀྱི་ལས་བྱེད་པར་སྐོར་བརྒྱབ་པར་མ་ཟད་འགོ་འཛིན་མཛད་ནས་བཞུགས་མོལ་ཚོགས་འདུ་བསྡུས།

ཀྲའོ་ལི་ཅི་ཡིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་བྱས་ཤིང་། གཏན་ཕབ་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བཟང་བོར་སྒྲུབ་སྟེ། ཏང་གི་ཇུས་ཆེན་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་དེ་དམངས་ཆེན་བྱ་བའི་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པར་ཁག་ཐེག་བྱེད་དགོས། མཚོ་སྔོན་གྱི་རིམ་པ་སོ་སོའི་དམངས་ཆེན་གྱིས་རིམ་པ་མཚུངས་པའི་ཏང་ཨུའི་འགོ་ཁྲིད་འོག མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བཟང་བོ་བྱེད་པའི་རྒྱལ་དོན་གྱི་ཆེ་ཕྱོགས་འདིར་དམ་པོར་དམིགས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་གཙོ་ཐིག་འདིར་དམིགས་ནས། ཁྲིམས་སྐྱོང་བྱེད་ཐབས་བཀོལ་ནས་གཙང་གསུམ་མགོ་ཁུངས་ཀྱི་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བཟང་བོ་བྱེད་དགོས་ཞེས་གསུངས།


ཟླ7པའི་ཚེས6ཉིན་ནས་ཚེས8ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལི་ཅི་ཡིས་མཚོ་སྔོན་དུ་རྟོག་ཞིབ་མཛད། འདི་ནི་ཟླ7པའི་ཚེས8ཉིན། ཀྲའོ་ལི་ཅི་ཡིས་མཚོ་ཤར་གྲོང་ཁྱེར་ལི་ཏུའུ་ས་ཁུལ་ཧྲིའུ་ལི་གྲོང་རྡལ་མཐོ་སྒང་འཁྱག་གསོས་སྔོ་ཚལ་རྟེན་གཞིར་རྟོག་ཞིབ་མཛད་པའི་རྣམ་པ་རེད།

ཀྲའོ་ལི་ཅི་ཡིས་མི་དམངས་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ་དང་། རང་འགུལ་གྱིས་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱས་ཏེ། ཡོད་ཚད་མི་དམངས་ཀྱི་ཆེད་དང་ཡོད་ཚད་མི་དམངས་ལ་བརྟེན་པ་རྒྱུན་འཁྱོངས་བྱེད་དགོས་ལ། ཁྲིམས་སྐྱོང་བཀོལ་ནས་མི་དམངས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ཏེ་མི་དམངས་སྔར་ལས་སྐྱིད་ལ་འགོད་དགོས། རྟོག་དཔྱོད་དང་ཞིབ་འཇུག་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་ཕྱོགས་སོ་སོའི་བསམ་འཆར་དང་གྲོས་གཞིར་རྒྱ་ཆེར་ཉན་ནས། དམངས་ཆེན་བྱ་བ་དེ་བརྟན་བརླིང་གི་དམངས་ཀྱི་འདོད་བློའི་རྨང་གཞིའི་སྟེང་འཛུགས་དགོས་ལ། གསར་དུ་བཟོ་བཅོས་བྱས་པའི་འཐུས་མིའི་བཅའ་ཁྲིམས་ཀྱི་སློབ་སྦྱོང་དྲིལ་སྒྲོག་དང་ལག་བསྟར་ལ་ཤུགས་བསྣན་ཏེ། འཐུས་མིས་ཁྲིམས་ལྟར་དང་གོ་རིམ་ལྡན་ལ་ཚད་ལྡན་ཡིན་པའི་སྒོ་ནས་འགན་འཁྲི་ལག་བསྟར་བྱེད་པར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། རིམ་པ་སོ་སོའི་དམངས་ཆེན་འཐུས་མི་ཚང་མས་མི་དམངས་ལ་རྐང་འཛུགས་པ་དང་མང་ཚོགས་བར་འབྲེལ་འདྲིས་ཟབ་མོ་བྱེད་དགོས། དེ་ནི་དམངས་ཆེན་བྱ་བའི་གསོན་ཤུགས་ཀྱི་འབྱུང་ཁུངས་དང་འཐུས་མིའི་འགན་འཁྲི་ལག་བསྟར་བྱེད་པའི་རྨང་གཞི་ཡིན་ཞེས་བསྟན།

ཀྲའོ་ལི་ཅི་ཡིས་བསྟན་དོན། ཁྲིམས་བཅད་དབང་ཚད་གཞིར་བཟུང་སྟེ་ཁྲིམས་བཅད་ལས་རིམ་བརྩི་སྲུང་བྱས་ནས། ནན་ཏན་གྱིས་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱེད་དགོས། ཚན་རིག་ལྟར་ཁྲིམས་འཛུགས་དང་དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་བྱས་ཏེ། ཟོལ་མེད་ཀྱིས་ཁྲིམས་འཛུགས་ཀྱི་སྤུས་ཚད་འགག་སྒོ་དམ་འཛིན་བྱེད་དགོས། ས་གནས་ཁྲིམས་འཛུགས་ཀྱིས་འགལ་རྩོད་མེད་པ་དང་ཁྱད་ཆོས་ལྡན་པ། ལག་བསྟར་ཐུབ་པའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང། ཧུར་ཐག་སྒོས་ཁྲིམས་འཛུགས་ཀྱི་དམིགས་སའི་རང་བཞིན་དང་ཕན་ནུས་རང་བཞིན་མཐོར་འདེགས་བཏང་སྟེ། གཙོ་བོ་དོན་དངོས་གནད་དོན་ཐག་གཅོད་བྱེད་དགོས། དམངས་ཆེན་ལྟ་སྐུལ་བྱ་བ་བཟང་བོར་སྒྲུབ་དགོས་ན། གནད་འགག་ནི་ཡང་དག་ལྟ་སྐུལ་དང་ནུས་ལྡན་ལྟ་སྐུལ། ཁྲིམས་ལྟར་ལྟ་སྐུལ་བཅས་རྒྱུན་འཁྱོངས་བྱས་ནས་ལྟ་སྐུལ་ལ་ཕན་འབྲས་དངོས་ཐོབ་པའི་ཐད་འབད་འབུངས་བྱེད་དགོས། གསར་དུ་བཟོ་བཅོས་བྱས་པའི་ལྟ་སྐུལ་བཅའ་ཁྲིམས་ལག་ལེན་དངོས་འབེབས་བྱས་ཤིང་། ཕྱོགས་བསྡུས་ཀྱིས་ཁྲིམས་བཅད་ལྟ་སྐུལ་རྣམ་པ་སྤྱད་དེ་བྱ་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ངེས་པ་དོན་གྱིས་གནད་དོན་ཐག་གཅོད་བྱེད་པ་དང་བྱ་བ་ལེགས་བཅོས་བྱེད་པ། ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།

ཀྲའོ་ལི་ཅི་ཡིས་་ལས་ཁུངས་བཞིའི་ངེས་གནས་རེ་བ་གཞིར་བཟུང་སྟེ། དམངས་ཆེན་རང་ངོས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། ནན་ཏན་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་ཏན་ཏིག་དང་ནུས་ལྡན་སྒོས་སྤེལ་བ་དང་། སྤྱོད་གཙང་དྲང་བདེན་དང་དངོས་སྒྲུབ་ལས་གཏོད་ཀྱི་སྣང་ཚུལ་བཟང་བོ་བསྐྲུན་ནས། རྒྱུན་ཆད་མེད་པར་ཁྲིམས་ལྟར་འགན་འཁྲི་ལག་བསྟར་བྱེད་པའི་ནུས་པ་དང་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་གསུངས།


བསོད་ནམས་ཚེ་རིང་གིས་བསྒྱུར།