ལིས་ཆང་གིས་ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལིས་དང་གྲོས་མོལ་གནང་།
2025.07.11 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ7པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨེ་ཅིབ་རྒྱལ་ཁབ་ཀྱི་རྒྱལ་ས་ཁེ་རོ་རུ། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལིས་དང་གྲོས་མོལ་གནང་།

ས་དེའི་དུས་ཚོད་ཟླ7པའི་ཚེས10ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་ཨེ་ཅིབ་རྒྱལ་ཁབ་ཀྱི་རྒྱལ་ས་ཁེ་རོ་རུ། ཨེ་ཅིབ་ཀྱི་ཙུང་ལི་མཱ་ཏི་པུའུ་ལིས་དང་གྲོས་མོལ་གནང་།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཨེ་ཅིབ་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་དེ་ཀྲུང་གོའི་དབུས་ཤར་ཕྱི་འབྲེལ་ཐབས་ཇུས་ཀྱི་འབུར་ཐོན་གོ་གནས་སུ་བཞག་ཡོད། ན་ནིང་ཀྲུང་གོ་དང་ཨེ་ཅིབ་ཀྱིས་རྒྱལ་ཁབ་གཉིས་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་བཙུགས་ནས་ལོ10འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་སའེ་ཞི་གཉིས་ཀྱིས་མཇལ་འཕྲད་ཐེངས་གཉིས་གནང་ནས། ཀྲུང་གོ་དང་ཨེ་ཅིབ་ཀྱི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད།  སང་ལོར་རྒྱལ་ཁབ་གཉིས་ཀྱིས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ70འཁོར་བར་བསུ་མ་བྱ་རྒྱུ་རེད།  སྔ་འཛིན་ཕྱི་མཐུད་ཀྱི་གནད་འགག་གི་དུས་སྐབས་འདི་འདྲར། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཕྱོགས་དང་མཉམ་དུ། མཐོ་རིམ་འགྲོ་འོང་དམ་ཟབ་རྒྱུན་འཁྱོངས་དང་། འཐབ་ཇུས་ཀྱི་གྲོས་མོལ་དང་འབྲེལ་གཏུག་ལ་ཤུགས་སྣོན་པ། ཆབ་སྲིད་ཀྱི་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་གཉེར་མཉམ་ལས་ཟབ་སྤེལ་གཏོང་བ་བཅས་བྱས་ནས། དེང་རབས་ཅན་མངོན་འགྱུར་བྱེད་པའི་བགྲོད་ལམ་སྟེང་ཕན་ཚུན་བར་མཐུན་རྐྱེན་བསྐྲུན་རྒྱུར་རྩེ་གཅིག་ཏུ་འབད་དེ། རྒྱལ་ཁབ་གཉི་གའི་མི་དམངས་ལ་བདེ་སྐྱིད་སྔར་ལས་ཆེན་པོ་བསྐྲུན་འདོད་ཡོད་ཅེས་གསུངས།

ལིས་ཆང་གིས་ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་བར་གྱི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་པའི་སྒྲོམ་གཞིའི་འོག་ཏུ། དངུལ་གཏོང་མཉམ་ལས་ཀྱི་ཤོང་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། ཕྱོགས་གཉིས་ཀྱི་ཉོ་ཚོང་ལེགས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ནུས་ཁུངས་གསར་པ་དང་གློག་སྒུལ་རླངས་འཁོར། མི་ཐབས་རིག་ནུས། གཞི་གྲངས་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་སྐྱེད་གཏོང་བ། དམངས་འཚོ་ཇེ་ལེགས་སུ་གཏོང་བའི་ལས་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ། མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་དང་དཔལ་འབྱོར་གྱི་འཕར་ཚད་གསར་པ་སྔར་ལས་གང་མང་བསྐྲུན་འདོད་ཡོད། མི་གཞུང་རིག་གནས་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ནས། རིག་གནས་དང་ཡུལ་སྐོར། སྨྱན་སྦྱོར། ན་གཞོན། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཟབ་སྤེལ་བཏང་ནས། རྒྱལ་ཁབ་གཉི་གའི་མཛའ་མཐུན་མཉམ་ལས་ཀྱི་དམངས་འདོད་རྨང་གཞི་སྔར་ལས་སྲ་བརྟན་དུ་གཏོང་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨེ་ཅིབ་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཐད་ནུས་པ་སྔར་ལས་ཆེན་པོ་འདོན་རྒྱུར་རྒྱབ་སྐྱོར་བྱེད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་དང་ཧྲང་ཧའེ་མཉམ་ལས་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་ཏུ། ཨེ་ཅིབ་ཕྱོགས་དང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱེད་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་བསྟར་བྱེད་པ། དཔལ་འབྱོར་འཛམ་གླིང་ཧྲིལ་པོ་ཅན་དང་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ་དང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱས་ནས། དབུས་ཤར་ས་ཁུལ་དང་འཛམ་གླིང་གི་ཞི་བདེ་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས།

མཱ་ཏི་པུའུ་ལིས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དབུས་ཤར་གནད་དོན་ཐད་དྲང་གཞག་དང་དྲང་བདེན་གྱི་ལངས་ཕྱོགས་འཛིན་གྱིན་པར་ཨེ་ཅིབ་ཕྱོགས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱིན་ཡོད་ཅིང་། ཀྲུང་གོ་ཕྱོགས་དང་མཉམ་དུ། མཉམ་འབྲེལ་རྒྱལ་ཚོགས་དང་གསེར་གྱོམ་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་འོག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་དང་ས་ཁུལ་གྱི་ཞི་བདེ་དང་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་འདོད་ཡོད་ཅེས་བསྟན།

གྲོས་མོལ་བྱས་རྗེས་རྒྱལ་ཁབ་གཉི་གའི་ཙུང་ལི་ཡིས་གློག་རྡུལ་ཉོ་ཚོང་དང་ལྗང་མདོག་ཐཱན་ཉུང་། འཕེལ་རྒྱས་རོགས་སྐྱོར། དངུལ་རྩ། འཕྲོད་བསྟེན་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་མང་པོ་བཀོད་པར་མཉམ་དུ་བདེན་དཔང་གནང་།

བན་དེ་སྐྱབས་ཀྱིས་བསྒྱུར།