ཞིས་ཅིན་ཕིང་གིས་ཐེན་ཧྭ་སོགས་གློག་བརྙན་སྒྱུ་རྩལ་པ8ལ་འཕྲིན་ལན་སྤྲིངས།
2025.07.12 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཉེ་སྔོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐེན་ཧྭ་སོགས་སྒྱུ་རྩལ་པ8ལ་འཕྲིན་ལན་སྤྲིངས་ནས། གློག་བརྙན་བྱ་བ་སྒྲུབ་མཁན་ཚོར་ཐུགས་རེ་ཟབ་མོ་གནང་།

ཞི་ཅིན་ཕིང་གིས་འཕྲིན་ལན་ནང་གསུང་དོན། ཚང་མའི་འཕྲིན་ཡིག་མཐོང་རྗེས། ཁྱེད་ཚོ་ནང་དུ་ཞུགས་ནས་གསར་རྩོམ་བྱས་པའི་ཕུལ་བྱུང་གློག་བརྙན་དེ་དག་དྲན་བྱུང་། དུས་ཡུན་རིང་པོའི་ནང་ཁྱེད་ཚོས་ཏང་དང་མི་དམངས་ཀྱི་དགའ་ཞེན་སེམས་ལ་བཅངས་པ་དང་། སྒྱུ་རྩལ་གྱི་ཕུགས་བསམ་བརྟན་སྲུང་བྱས་ནས། གསོན་ཉམས་ལྡན་ལ་ཡིད་དབང་འགུག་པའི་གློག་བརྙན་མང་པོ་ཕབ་བསྐྲུན་བྱས་པ་དེས། མི་རབས་དུ་མའི་ལྟད་མོ་བ་རྣམས་ལ་ཕྱིར་དྲན་ཡག་པོ་བཞག་ཡོད།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། འཐབ་ལམ་གསར་པའི་སྟེང་། ཁྱེད་ཚོས་མུ་མཐུད་དུ་ཀུན་སྤྱོད་དང་སྒྱུ་རྩལ་ལ་བརྩི་མཐོང་བྱེད་པའི་ཐད་མིག་དཔེ་སྟོན་པ་དང་། རྒྱ་ཆེའི་གློག་བརྙན་བྱ་བ་སྒྲུབ་མཁན་རྣམས་ཀྱི་རིག་གནས་རང་རྟོན་ཇེ་བརྟན་དུ་གཏོང་བར་སྐུལ་ཁྲིད་བྱེད་པ། འཚོ་བའི་གཤིན་སར་རྐང་ཚུགས་པ་དང་། དུས་རབས་ཀྱི་སྙིང་སྟོབས་ལ་བསྟོད་བསྔགས་དང་མི་དམངས་ཀྱི་བསམ་འདུན་མཚོན་པའི་བརྩམས་ཆོས་སྤུས་དག་སྔར་ལས་མང་པོ་ཧུར་ཐག་གིས་གསར་རྩོམ་བྱས་ཏེ། རིག་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་གཏོང་བ་དང་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་པ་འཇོག་དགོས་པའི་ཐུགས་རེ་བཏོན།

ཉེ་སྔོན། ཐེན་ཧྭ་དང་ཝང་ཞིན་ཀང་། ཀྲང་ལེའང་། ཐའོ་ཡུས་ལིན། ཞའོ་ཀུའེ་ཡུན། ཕན་ཧུང་། སུང་ཞའོ་དབྱིན། ཁྲིན་ཏའོ་མིན་སོགས་གློག་བརྙན་སྒྱུ་རྩལ་པ8ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་བསྐུར་ནས་ཁོ་ཚོས་ལོ་བཅུ་ཁྲག་འགའི་རིང་གློག་བརྙན་བྱ་བ་བསྒྲུབས་པའི་གནས་ཚུལ་དང་མྱོང་ཚོར་སྙན་སེང་ཞུས་པ་དང་། གློག་བརྙན་བྱ་གཞག་འཕེལ་རྒྱས་སུ་གཏོང་བ་དང་རིག་གནས་ཀྱི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན་པའི་ཆོད་སེམས་མཚོན་པར་བྱས།