ཀྲུང་གོ་དང་ཧྥེ་གླིང་གླེང་སྟེགས་ཀྱི2025ལོའི་ཁྲིམས་སྐྱོང་གླེང་སྟེགས་ཚེས11ཉིན་ཧུའུ་ནན་རུ་མགོ་བརྩམས། ཐེངས་འདིའི་གླེང་སྟེགས་ལས་ཉོ་ཚོང་བཅའ་ཁྲིམས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཆུ་ཚད་མཐོ་བའི་ཀྲུང་གོ་དང་ཧྥེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་ཞེས་པ་བརྗོད་དོན་དུ་བཟུང་ཡོད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁྲིན་ཝུན་ཆིན་མགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
ཁྲིན་ཝུན་ཆིན་གྱིས་བསྟན་དོན། 2024ལོའི་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིང་རྩེ་ཚོགས་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཧྥེ་གླིང་གིས་ལག་རྡང་སྦྲེལ་ནས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དམིགས་འབེན་ཁ་ཕྱོགས་དང་གྲོགས་པོའི་འགུལ་སྐྱོད་ཆེན་པོ་བཅུ་བཏོན་ཏེ། དུས་རབས་གསར་པར་ཕྱོགས་ཡོངས་ནས་ཀྲུང་གོ་དང་ཧྥེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་མཉམ་བསྐྲུན་བྱེད་པའི་ལེའུ་གསར་པའི་མགོ་བརྩམས་ཤིང་། ཀྲུང་གོ་དང་ཧྥེ་གླིང་གི་མཉམ་ལས་ཐད་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཧྥེ་གླིང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་འཐབ་ཇུས་སྣེ་ཁྲིད་འོག ཀྲུང་གོ་དང་ཧྥེ་གླིང་གི་བཅའ་ཁྲིམས་ཁྲིམས་ལུགས་ལས་རིགས་ཀྱིས་ཁྲིམས་སྐྱོང་རིན་ཐང་ཐད་ཀྱི་ཐུན་མོང་རེ་འདུན་རྒྱུན་འཁྱོངས་བྱས་ནས། དངོས་གཉེར་ཕན་ནུས་མཐོ་བའི་བརྗེ་རེས་མཉམ་ལས་སྤེལ་བས། ཀྲུང་གོ་དང་ཧྥེ་གླིང་ཕྱོགས་གཉིས་ཀྱིས་ཕན་ཚུན་ཡིད་རྟོན་བྱེད་ཤུགས་ཆེ་རུ་བསྐྱེད་པ་དང་། མཉམ་དུ་དེང་རབས་ཅན་མངོན་འགྱུར་བྱ་ཆེད་བྱས་རྗེས་བཞག་ཡོད།
ཁྲིན་ཝུན་ཆིན་གྱིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧྥེ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ། ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་པེ་ཅིང་རྩེ་ཚོགས་ཀྱི་གྲུབ་འབྲས་དངོས་འབེབས་བྱེད་པ་དང་། རིམ་པ་མང་ཞིང་ཁྱོན་ཡོངས་ལ་ཁེབས་པའི་ཁྲིམས་སྐྱོང་བརྗེ་རེས་བྱ་བ་སྤེལ་ནས། ཁྲིམས་སྐྱོང་གི་ཐུན་མོང་ངོས་འཛིན་གཅིག་སྡུད་དང་ལག་རྡང་མཉམ་སྦྲེལ་གྱིས་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུ་ཡིན། འཛམ་གླིང་འཕེལ་རྒྱས་གྲོས་གཞི་དང་། འཛམ་གླིང་བདེ་འཇགས་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་གཞི་བཅས་དངོས་འབེབས་བྱས་ཏེ། ཁྲིམས་སྐྱོང་འདུ་ཤེས་རྒྱུན་འཁྱོངས་དང་། འདྲ་མཉམ་དྲང་བདེན་ལ་སྲུང་སྐྱོང་བརྟན་པོ་བྱེད་དགོས། བཅའ་ཁྲིམས་སྦྲེལ་མཐུད་དང་། སྒྲིག་སྲོལ་སྦྲེལ་མཐུད། ཚད་གཞི་སྦྲེལ་མཐུད་ལ་སྐུལ་འདེད་བཏང་སྟེ། ཁྲིམས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་རྒྱུ་མ་ཟད། ཆུ་ཚད་མཐོ་བའི་ཁྲིམས་སྐྱོང་མཉམ་ལས་ལ་བརྟེན་ནས་ཀྲུང་གོ་དང་ཧྥེ་གླིང་གི་སྤུས་ཚད་མཐོ་བའི་ཉོ་ཚོང་མཉམ་ལས་ལ་འགན་སྲུང་བྱེད་རྒྱུ་ཡིན། ཐུན་མོང་དང་ཕྱོགས་བསྡུས། མཉམ་ལས། རྒྱུན་མཐུད་ཐུབ་པའི་བདེ་འཇགས་ལྟ་བ་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་བསྟར་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་དང་། ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་ནུས་ལྡན་བྱས་ནས། དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་ཀྲུང་གོ་དང་ཧྥེ་གླིང་གི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་ཁྲིམས་སྐྱོང་གི་སྒུལ་ཤུགས་སྣོན་དགོས།
ཟླ7པའི་ཚེས10ཉིན་ནས་ཚེས11ཉིན་བར། ཁྲིན་ཝུན་ཆིན་གྱིས་ཁྲང་ཧྲ་ཡི་གཞི་རིམ་སྲིད་ཁྲིམས་ལས་ཁུངས་སུ་རྟོག་ཞིབ་བྱས། ཁོས་བསྟན་དོན། སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་ནན་རུ་རྟོག་ཞིབ་བྱེད་སྐབས་ཀྱི་མངག་བཅོལ་གལ་ཆེན་ཡིད་ལ་བཅངས་ཏེ། ཕྱོགས་ཡོངས་ནས་འགལ་སྒྲུབ་དང་དཔའ་ངར་ཆེན་པོས་ཁག་ཁུར་བྱེད་དགོས་ལ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་འདོམས་གྱིས་སྤྱི་ཚོགས་སྤྱི་ཡོངས་བརྟན་འཇགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། བརྟན་འཇགས་དང་འབྲེལ་བའི་ཉེན་ཁ་ཚབས་ཆེན་སྔོན་འགོག་དང་སེལ་ཐུབ་ལ་ཤུགས་བཏོན་ཏེ། དབང་ཆར་སྲུང་སྐྱོང་དང་བརྟན་འཇགས་སྲུང་སྐྱོང་གཅིག་གྱུར་ཡོང་བར་བྱེད་དགོས། ཁྲིམས་ལྟར་ཁྲིམས་འགལ་ཉེས་བསགས་ལ་རྡུང་རྡེག་ནན་མོ་གཏོང་བར་ཤུགས་བཏོན་ཏེ། མི་དམངས་མང་ཚོགས་ཀྱིས་བདེ་འཇགས་དངོས་སུ་ཚོར་ཐུབ་པ་བྱེད་དགོས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་ལ་ཤུགས་བཏོན་ཏེ། འགལ་བ་དང་རྩོད་གཞི་དེ་ཁྲིམས་སྐྱོང་ལས་དོན་ཁྲོད་བཞག་ནས་ཁྲིམས་ལྟར་སེལ་ཐུབ་བྱེད་དགོས། འཕྲིན་བཅར་བྱ་བ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བར་ཤུགས་བཏོན་ཏེ། ཅན་ལྔ་དང་དོན་འཁྱོལ་བཞིའི་བླང་བྱ་ལྟར་འཕྲིན་བཅར་དོན་དག་ཁྲིམས་ལྟར་ཐག་གཅོད་དགོས། འབྲེལ་ཡོད་མི་ཚོགས་ཀྱི་ཞབས་ཞུའི་དོ་དམ་ཞིབ་ཚགས་ཅན་དུ་སྐུལ་འདེད་གཏོང་བར་ཤུགས་བཏོན་ཏེ། གྱོད་དོན་ཚབས་ཆེན་ནུས་ལྡན་སྒོས་སྔོན་འགོག་དང་གཏན་འགོག་བྱ་དགོས། ཁྲིན་ཝུན་ཆིན་གྱིས་སྲིད་ཁྲིམས་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་ཉེར་གཅིག་པའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནན་ཏན་གྱིས་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། གཟབ་ནན་མཐའ་འཁྱོལ་དང་ལྷོད་གཡེང་སྤུ་ཙམ་མེད་པར། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོ་མགོ་མཇུག་བར་གསུམ་དུ་དམ་འཛིན་བྱས་ནས། ཕྱོགས་ཡོངས་ནས་ཏང་ནན་མོར་སྐྱོང་བར་བློ་བརྟན་འགྱུར་མེད་ཀྱི་སྐུལ་འདེད་གཏོང་བ་དང་། ཁྲིམས་ཁྲིམས་བརྟན་པོར་བརྟེན་ནས་སྲིད་ཁྲིམས་དཔུང་ཁག་དོན་ལྡན་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
རིག་འཛིན་སྒྲོལ་མས་བསྒྱུར།