མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པ་བདེ་བླག་ངང་མཇུག་བསྒྲིལ།
2025.07.14 ཁུངས། མཚོ་སྔོན་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས13ཉིན། 2025ལོའི་ཀྲུང་གོ་བཟོ་ཚོང་དངུལ་ཁང་རྟགས་མའི་རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་རྒྱུག་སྐབས་ཉེར་བཞི་པ་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་མཐོན་པོ་སྒང་དུ་མཇུག་བསྒྲིལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མ་མཇུག་བསྒྲིལ་བའི་མཛད་སྒོར་ཞུགས་པར་མ་ཟད་བྱ་དགའ་གནང་།

བརྗེད་དཀའ་བའི་ཉིན་བརྒྱད་ཀྱི་རིང་ལ། གླིང་ཆེན་བཞི་ཡི་རྒྱལ་ཁབ་བཅུ་གཅིག་ནས་ཡོང་བའི་འགྲན་ཞུགས་རུ་ཁག་ཉེར་གཉིས་དང་ལུས་རྩལ་པ་བརྒྱ་དང་ང་བཞི་ལྕགས་རྟ་འགྲན་རྒྱུག་ལ་ཞུགས་པ་དང་། འགྲན་སྡུར་གྱི་བརྒྱུད་རིམ་ཁྲོད། འགྲན་ཞུགས་པ་ཚོས་ལྕགས་རྟའི་ལུས་རྩལ་གྱི་སྙིང་སྟོབས་ལ་འགྲེལ་བཤད་ཟབ་མོ་བྱས་པ་དང་། ངར་སེམས་དང་ཕུགས་འདུན་ཁྲོད་མཛའ་བརྩེ་ཟབ་མོ་ཆགས་ལ། སྔར་ལས་མགྱོགས་པ་དང་སྔར་ལས་མཐོ་བ། སྔར་ལས་སྟོབས་ལྡན། སྔར་ལས་མཐུན་སྒྲིལ་གྱི་ཨོ་ལིན་ཕིག་གི་སྙིང་སྟོབས་ལ་འགྲེལ་བཤད་གསལ་བོ་བྱས། རིགས་སོ་སོའི་མང་ཚོགས་ཀྱིས་གླུ་ལེན་གར་རྩེད་བྱས་ནས་འགྲན་ཞུགས་པ་ཚོའི་ངར་ཤུགས་བསྐྱེད། 

སྐབས་འདིའི་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་རྒྱུག་གི་བརྒྱུད་སྒྲོག་གི་ཡངས་ཚད་དང་ཟབ་ཚད་ཀྱང་མཉམ་དུ་རྒྱ་བསྐྱེད་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱིས་བརྒྱུད་རིམ་ཧྲིལ་བོར་གཙིགས་འཛིན་བྱས་ལ། ཕྱི་རྒྱལ་གྱི་ཤན་ཤུགས་རྒྱུན་མཐུད་ཀྱིས་ཇེ་ཆེར་སོང་བ་དང་། རབ་མཛེས་མཚོ་སྔོན་གྱི་ཚོང་རྟགས་དེ་ལྕགས་རྟ་འགྲན་རྒྱུག་དང་བསྟུན་ནས་འཛམ་གླིང་ཡོངས་ལ་ཁྱབ། འགྲན་རྒྱུག་ཐད་ནས་རི་ཆུའི་འགོ་ཁུངས་ཀྱི་བརྗིད་ཆགས་མཛེས་སྡུག་དང་མི་རིགས་མཐུན་སྒྲིལ་གྱི་མཛའ་བརྩེ་ཟབ་མོ་མངོན་པར་བྱས་པ་དང་། རབ་མཛེས་མཚོ་སྔོན་གྱི་སྐྱེ་ཁམས་རི་མོ་རིམ་གྱིས་བཀྲམ་ལ། ཐོན་ལས་མཉམ་བསྲེས་ཀྱི་སྐྱེ་སྟོབས་ཆེན་པོའི་མདུན་ལམ་རྒྱ་ཆེ་བ་དང་། འགྲན་རྒྱུག་གི་ཤན་ཤུགས་དེ་དམངས་ཕན་དམངས་དར་ལག་ལེན་གྱི་གྲུབ་འབྲས་དངོས་སུ་གྱུར། རབ་མཛེས་མཚོ་སྔོན་འགྲེམ་སྟོན་བྱེད་པའི་སྒེའུ་ཁུང་གལ་ཆེན་དང་ཀྲུང་གོའི་ལྕགས་རྟའི་ལུས་རྩལ་གྱི་མིང་བྱང་གལ་ཆེན་ཡིན་པའི་ཆ་ནས། སྐབས་འདིའི་འགྲན་རྒྱུག་གིས་ལྗང་མདོག་གི་འགྲན་སྒྲུབ་འདུ་ཤེས་དང་ཁྱད་དུ་འཕགས་པའི་རྩ་འཛུགས་ཆུ་ཚད། གཟབ་ནན་གྱི་འགྲན་སྡུར་སྤྱོད་ཚུལ། སྔོན་ཐོན་གྱི་ལག་རྩལ་ཚད་གཞི་བཅས་གོ་རིམ་ཧྲིལ་བོར་ཁྱབ་པར་བྱས་ཏེ། ཀྲུང་གོའི་ལྕགས་རྟའི་ལུས་རྩལ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ཐད་མཚོ་སྔོན་གྱི་ཇུས་གཞི་འདོན་སྤྲོད་བྱས།

རིན་ཆེན་མཚོས་བསྒྱུར།