ཟླ7ཚེས13ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་པེ་ཅིང་དུ་ཨུ་རུ་སུའི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལའོ་ཧྥུའུ་ལ་ཐུག་འཕྲད་བྱས།
ཝང་དབྱི་ཡིས་ལཱ་ཧྥུའུ་ལའོ་ཧྥུའུ་ཀྲུང་གོར་ཡོང་ནས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་གི་ལས་འཛིན་རྒྱལ་ཁབ་ཀྱི་གྲོས་ཚོགས་ལ་ཞུགས་པར་དགའ་བསུ་ཞུས་པ་དང་། ཀྲུང་ཨུའི་འབྲེལ་བ་ནི་དེང་སྐབས་འཛམ་གླིང་སྟེང་ཆེས་བརྟན་འཇགས་དང་ཆེས་གནད་སྨིན། འཐབ་ཇུས་ཀྱི་རིན་ཐང་ཆེས་ཆེར་ལྡན་པའི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་ཡིན་པར་བསྟན། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ལོ་རྒྱུས་ཀྱི་ཟབ་ཚད་དང་། འཐབ་ཇུས་ཀྱི་མཐོ་ཚད། ཡུན་རིང་གི་ཟུར་ཚད་ནས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་སྐུལ་འདེད་དང་ལྟ་སྟངས་འཛིན་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་པུའུ་ཀྲང་གིས་འབྲེལ་འདྲིས་ཟབ་མོ་རྒྱུན་འཁྱོངས་བྱེད་པ་དེ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་བར་བྱུང་བའི་ཐུང་མོང་གི་ངོས་འཛིན་དུས་ལྟར་དོན་འཁྱོལ་བྱེད་པར་ཕན་ཐོགས་ཡོད། དེང་སྐབས་ཀྱི་གནད་འགག་ནི་མཉམ་དུ་དུས་རིམ་རྗེས་མའི་མཐོ་རིམ་འགྲོ་འོང་ལ་གྲ་སྒྲིག་གང་ལེགས་བྱས་ཏེ། ཁྱོན་ཡོངས་ཀྱི་འཐབ་ཇུས་མཐུན་སྦྱོར་གཏིང་ཟབ་གཏོང་བ་དང་། རང་སོ་སོའི་འཕེལ་རྒྱས་དར་རྒྱས་ལ་སྐུལ་འདེད་གཏོང་བ། ཟིང་ཟིང་དང་འགྱུར་ལྡོག་ཆེ་བའི་འཛམ་གླིང་གི་འགྲན་སློང་ལ་མཉམ་དུ་ཁ་གཏད་འཇལ་རྒྱུ་དེ་ཡིན།
ཝང་དབྱི་ཡིས་བསྟན་དོན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ལས་སྤེལ་བ་དང་། ཕྱོགས་མང་རིང་ལུགས་དར་སྤེལ། དངོས་གཉེར་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། གོ་ལ་ཧྲིལ་བོའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྟེགས་བུ་གལ་ཆེན་ཞིག་ཡིན། ཀྲུང་གོའི་ཕྱོགས་ད་ལྟའི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པས། ང་ཚོས་ཨུ་རུ་སུའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་དག་དང་མཉམ་དུ་ཐེན་ཅིན་གྱི་རྩེ་ཚོགས་ལ་གྲ་སྒྲིག་གང་ལེགས་བྱེད་པ་དང་། འཕེལ་རྒྱས་ཀྱི་ཁ་ཕྱོགས་གསར་བར་འཆར་འགོད་བྱེད་པ། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་ནུས་པ་སྩོལ་བ། ཧྲང་ཧའེ་མཉམ་ལས་རྩ་འཛུགས་འཛུགས་སྐྲུན་སྐས་རིམ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད། ད་ལོ་ནི་ཀྲུང་གོ་མི་དམངས་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ80 འཁོར་བའི་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་ད་དུང་འཛམ་གླིང་འཁྲུག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ80འཁོར་བར་དྲན་གསོ་བྱེད་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་འཛམ་གླིང་འཁྲུག་ཆེན་གཉིས་པའི་ཡང་དག་པའི་ལོ་རྒྱུས་ཀྱི་དོན་བརྗོད་ལ་སྲུང་སྐྱོབ་བྱེད་དགོས།
ལཱ་ཧྥུའུ་ལའོ་ཧྥུའུ་ཡིས་བསྟན་དོན། ཨུ་རུ་སུ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་འཐབ་ཇུས་སྣེ་ཁྲིད་འོག ཁྱབ་ཁོངས་སོ་སོའི་མཉམ་ལས་ཟབ་སྤེལ་དང་། ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བར་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།
ཕྱོགས་གཉིས་ཀྱིས་ད་རུང་ཁྲའོ་ཞན་ཕྱེད་གླིང་དང་ཝུའུ་ཁི་ལན་གྱི་ཉམས་ཉེན། དབྱི་ལིང་གི་ཉིང་རྡུལ་སོགས་ཀྱི་གནད་དོན་ཐད་ནས་བསམ་འཆར་བརྗེ་རེས་བྱས།
ཤ་བོ་གསེར་མཚོས་བསྒྱུར།