གྲོང་ཁྱེར་གྱི་འཚོ་བ་སྔར་ལས་བདེ་སྐྱིད་ལྡན་པར་བྱས།
2025.07.14 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གྲོང་ཁྱེར་འཆར་འགོད་དང་གྲོང་ཁྱེར་འཛུགས་སྐྲུན་གང་ཡིན་ནའང་། གྲོང་ཁུལ་གསར་པ་འཛུགས་སྐྲུན་བྱེད་པའམ་ཡང་ན་གྲོང་ཁུལ་རྙིང་པ་སྒྱུར་བཀོད་བྱེད་པ་གང་ཡིན་རུང་ཚང་མས་མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་བར་སྟོང་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ། དོན་སྙིང་ལྡན་པ་དང་ཞིབ་ཚགས་ཅན། ལྗང་མདོག་ཅན་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས་ཤིང་། ལས་ཞུགས་དང་བདེ་སྡོད། སྤྲོ་སྐྱིད། ཡུལ་སྐོར་བཅས་ལ་འཚམ་པའི་ཁོར་ཡུག་བཟང་པོ་བསྐྲུན་ཅི་ཐུབ་བྱས་ཏེ། མི་དམངས་ལ་སྔར་བས་ཐོབ་སྣང་ཡོད་པར་བྱས་ནས།  མི་དམངས་ལ་སྔར་བས་བདེ་སྐྱིད་ཀྱི་མཛེས་སྡུག་འཚོ་བ་བསྐྲུན་དགོས་པ་བསྟན། ”ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ། ས་གནས་སོ་སོའི་མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་དེ་གྲོང་ཁྱེར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་གྲོང་ཁྱེར་བྱ་བའི་ཕྱོགས་སོ་སོ་རུ་མཉམ་འདྲེས་བྱས་ཏེ། གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། དེང་རབས་ཅན་གྱི་གྲོང་ཁྱེར་རེ་རེ་ཡིས་མི་དམངས་མང་ཚོགས་ལ་བདེ་སྐྱིད་ལྡན་པའི་འཚོ་བ་རོལ་ཐུབ་པར་བྱེད་དགོས། 

ད་ལྟའི་ཀྲུང་གོས་ནུས་ཤུགས་ཡོད་རྒུས་ལས་ཞུགས་དང་བདེ་སྡོད། སྤྲོ་སྐྱིད། ཡུལ་སྐོར་བཅས་ལ་འཚམ་པའི་གྲོང་ཁྱེར་རེ་རེ་བསྐྲུན་ནས་མི་དམངས་མང་ཚོགས་ལ་སྐྱིད་སྣང་སྔར་ལས་མང་པོ་སྩོལ་བཞིན་ཡོད།

ལོ་རྒྱུས་རིག་གནས་ཀྱི་རྔམ་མཐུག་པའི་སྲང་ཁུལ་ཡོད་པའི་གྲོང་ཁྱེར་གྱི་གྲངས་ཀ་ད་ལོར273ལ་སླེབས་ཡོད་ལ། རིག་གནས་གདེང་ཚོད་ཀྱིས་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་གསོན་ཤུགས་བསྩལ་ཡོད། ཕྱོགས་བསྡུས་སྤྱི་གླིང་དང་མཁར་སྡེ་སྤྱི་གླིང་གི་གྲངས་ཀ100ལས་བརྒལ་བའི་གྲོང་ཁྱེར་ད་ལྟ56ཡོད་ཅིང་། “སྒེའུ་ཁུང་ལས་སྔོ་ལྗང་མཐོང་ཐུབ་པར་བྱས་ཏེ”གྲོང་ཁྱེར་མང་པོ་སྤྱི་གླིང་དུ་གནས་པར་བྱས་ཡོད། གྲོང་ཁྱེར་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཚོ་བ་སྐྲུན་པ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་བཅས་ཀྱི་གཞི་རྟེན་གལ་ཆེན་ཞིག་ཡིན་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གྲོང་ཁྱེར་འཛུགས་སྐྲུན་སྐོར་ལ་རྒྱས་བཤད་གལ་ཆེན་རབ་དང་རིམ་པ་བཏོན་ཏེ། “མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན”པའི་འདུ་ཤེས་གལ་ཆེན་བཏོན་པ་དང་། སྔ་རྗེས་སུ་ཀྲུང་དབྱང་གི་མཁར་གྲོང་ཅན་དུ་བསྒྱུར་བའི་སྐོར་གྱི་བྱ་བའི་གྲོས་ཚོགས་དང་། ཀྲུང་དབྱང་གི་གྲོང་ཁྱེར་བྱ་བའི་གྲོས་ཚོགས་བསྡུས་ནས་གྲོང་ཁྱེར་ཁྱབ་ཁོངས་ཀྱི་འཐབ་ཇུས་གལ་ཆེན་དང་བྱ་བ་གལ་ཆེན་རབ་དང་རིམ་པ་བཀོད་སྒྲིག་དང་ལག་བསྟར་བྱས།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་སུ་གྲོང་ཁྱེར་གྱི་སྲོག་ཤིང་ནི་མི་ཡིན་ལ།  ཁོང་གིས་ས་གནས་སུ་རྟོག་ཞིབ་གནང་སྐབས།     རྟག་ཏུ་མཁར་སྡེ་རུ་བསྐྱོད་པ་དང་། ཐེངས་མང་པོར“སྡེ་ཁུལ་ཆུང་ཡང་ཁྱིམ་ཚང་ཁྲི་མ་འབུམ་ལ་འབྲེལ་ཡོད་པས། སྡེ་ཁུལ་གྱི་བྱ་བ་ལེགས་པར་བསྒྲུབ་རྒྱུ་ཧ་ཅང་གལ་ཆེན་ཡིན”ཞེས་ནན་བཤད་གནང་།  གྲོང་ཁྱེར་གསར་སྒྱུར་སྐོར་གླེང་སྐབས། ཁོང་གིས“མི་ལྟེ་བར་འཛིན་པའི་མཁར་གྲོང་ཅན་ལ་སྔར་ལས་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་སྔར་ལས་སྐྱོན་བྲལ་དང་བདེ་འཇགས། བདེ་སྡོད་བཅས་ལ་འཚམ་པར་བྱས་ཏེ།   མི་དམངས་མང་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཚོ་བ་སྐྱེལ་ཡུལ་དུ་འགྱུར་བར་བྱེད་དགོས། ”ཞེས་གསུངས་པ་དང་།  ལོ་རྒྱུས་རིག་གནས་སྲུང་སྐྱོབ་སྐོར་གླེང་སྐབས་ཁོང་གིས“གྲོང་ཁྱེར་དུ་དྲན་ཤེས་འཇོག་པ་དང་། མི་དམངས་ཀྱིས་ཕ་ཡུལ་དྲན་པའི་གདུང་བ་སེལ་དུ་འཇུག་དགོས”ཞེས་ནན་བཤད་གནང་། གྲོང་ཁྱེར་བཅོས་སྐྱོང་སྐོར་གླེང་སྐབས། ཁོང་གིས“གྲོང་ཁྱེར་སྔར་ལས་ལེགས་པ་དང་ཤེས་རིག་ལྡན་པར་བྱ་རྒྱུ་ནི་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན”ཞེས་ནན་བཤད་གནང་།

ཀྲུང་གོའི་གྲོང་ཁྱེར་འཆར་འགོད་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་ཝང་ཁའེ་ཡིས་བཤད་རྒྱུར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲོང་ཁྱེར་བྱ་བའི་སྐོར་གྱི་རྒྱས་བཤད་གལ་ཆེན་དེ་གྲོང་ཁྱེར་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བཅས་ཀྱི་ཁྱབ་ཁོངས་སོ་སོར་འབྲེལ་ཡོད་པ་དང་། དེའི་ཁྲོད་གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན། བཅོས་སྐྱོང་བཅས་ཀྱི་རིམ་པ་སོ་སོ་ཚུད་ཡོད་ལ། ས་ཁོངས་དང་གྲོང་ཁྱེར། མཁར་སྡེ།  བཟོ་བཀོད་བཅས་རིམ་པ་སོ་སོར་ཁྱབ་ཡོད་པས་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཟུང་དུ་སྦྲེལ་བ་ཡིན་ལ།  གཞུང་ལུགས་ཀྱི་མཛུབ་ཁྲིད་དང་ལག་ལེན་གྱི་བླང་བྱ་ཟུང་དུ་སྦྲེལ་བ་ཞིག་ཡིན་པས། ང་ཚོས་དུས་རབས་གསར་པའི་གྲོང་ཁྱེར་བྱ་བ་ལེགས་པར་བསྒྲུབ་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

སྲིད་ཇུས་བྱེད་ཐབས་རབ་དང་རིམ་པའི་སྐུལ་འདེད་འོག ད་ལྟའི་གྲོང་ཁྱེར་སྔར་ལས་གཏན་སྡོད་བྱེད་པར་འཚམ་པ་དང་འཚོ་བ་སྔར་ལས་མཛེས་སྡུག་ལྡན་པ་ཞིག་ཡིན། ད་ལྟ་མི་ལྟེ་བར་འཛིན་པའི་གསར་དར་མཁར་གྲོང་ཅན་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བཞིན་ཡོད། རྒྱུན་སྡོད་མི་འབོར་མཁར་གྲོང་ཅན་དུ་འགྱུར་ཚད་བརྒྱ་ཆའི་རེ་བདུན་ལ་སླེབས་ཤིང་།  མི་དུང་ཕྱུར་དགུ་བྱེ་བ་བཞི་མཁར་གྲོང་དུ་འཚོ་བ་རོལ་བཞིན་ཡོད། གྲོང་ཁྱེར་གྱི་གྲངས་ཀ694ལ་སླེབས་ཤིང་།  ཞིང་ལས་ཀྱི་སྤོ་སྒྱུར་མི་འབོར་གྲོང་ཁྱེར་ཅན་དུ་འགྱུར་བའི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། ཁྱིམ་གཞིས་ཆགས་པའི“ཚད་གཞི་”ཇེ་དམའ་རུ་བཏང་བ་དང་།  མི་འབོར་འགྲོ་སྐྱོད་ཚད་ཇེ་མགྱོགས་སུ་ཕྱིན།  ད་ལྟ་གྲོང་ཁྱེར་དུ་སྡོད་པའི་ཆ་རྐྱེན་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད་ལ། མཁར་གྲོང་གི་མི་རེའི་ཆ་སྙོམས་སྡོད་ཁང་གི་བཟོ་བཀོད་རྒྱ་ཁྱོན་སྨི་གྲུ་བཞི་མ40ལས་བརྒལ་བ་དང་། འཛམ་གླིང་གི་སྡོད་ཁང་འགན་སྲུང་མ་ལག་ཆེ་ཤོས་བསྐྲུན་ནས།  སྡོམ་རྩིས་བྱས་ན་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་སྤྱིལ་ཁང་བསྒྱུར་བཀོད་ཀྱི་བདེ་འགོད་སྡོད་ཁང་བྱེ་བ་དྲུག་ས་ཡ་བརྒྱད་ལྷག་འཛུགས་སྐྲུན་བྱས་ཏེ། སྡོད་ཁང་དཀའ་ངལ་ཡོད་པའི་ཁྱིམ་ཚང་དུང་ཕྱུར་གཅིག་དང་བྱེ་བ་བདུན་ལྷག་གི་སྡོད་ཁང་གི་ཕུགས་འདུན་མངོན་འགྱུར་བྱས།

ད་ལྟ་གྲོང་ཁྱེར་གྱི“མཛེས་ཉམས”རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། 2019ལོ་ནས2024ལོའི་བར། རྒྱལ་ཡོངས་སུ་རིམ་རྩིས་བྱས་ན་གཞིས་ཁུལ་རྙིང་པ་ཉིས་འབུམ་བརྒྱད་ཁྲི་ལས་འགོ་བརྩམས་པ་དང་སྡོད་དམངས་ཁྱིམ་ཚང་བྱེ་བ་བཞི་ས་ཡ་བརྒྱད་ལ་ཕན་ཐོགས་ཡོད། རྒྱལ་ཡོངས་ཀྱི་གནམ་གཤིས་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད87.2%ཟིན་ཡོད། ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་གྱི་བཙོག་ཆུ་གཞི་རྩའི་ཆ་ནས་མེད་པར་བཟོས་པ་དང་། རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་ཁྱེར212བསྐྲུན་ཡོད། གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་སྤྱི་གླིང་གི་རྒྱ་ཁྱོན་སྨི་གྲུ་བཞི་མ་བཅོ་ལྔ་གྲངས་ཆུང་དགུ་གཅིག་ཟིན་ཡོད།

ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་གྱི་སྡོད་དམངས། ཧྲེན་ཅ་ཆིན་གྱིས་བཤད་རྒྱུར།

སྲང་ལམ་ལ་སྐོར་བ་བྱེད་དུ་འགྲོ་བ་ཡིན་ནའང་འདྲ། འཆམ་འཆམ་ལ་འགྲོ་བ་ཡིན་ནའང་འདྲ། སྤྲོ་གསེང་བྱེད་པའི་ཐབས་ལམ་ཇེ་མང་དུ་སོང་བས་འཚོ་བ་བག་ཕེབས་སུ་གྱུར་ཡོད་ཟེར།

མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་སྡོད་དམངས། ཞིན་ཧའེ་ལེ་ཡིས་བཤད་རྒྱུར། གྲོང་ཁྱེར་གྱི་འགྱུར་ལྡོག་ཕྲན་བུ་རེ་རེས་ཀྱང་། ང་ཚོའི་བདེ་སྐྱིད་ཆེ་རུ་འགྲོ་བཞིན་ཡོད་ཟེར།

ད་ལྟ། ཤེས་རིག་གྲོང་ཁྱེར་གྱི་གྲངས་འབོར་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། ཤེས་རིག་སྲིད་དོན་ཞབས་ཞུ་ཡང་རྒྱུན་ཆད་མེད་པར་རིམ་འཕར་འབྱུང་བཞིན་ཡོད། རྒྱལ་ཁབ་ཀྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཐོག་ཞབས་ཞུའི་དོན་ཚན་ས་ཡ་ལྔ་དང་འབུམ་གཉིས་ཁྲི་གཅིག་དང་བཀོལ་ཐེངས་མང་བའི་ཞབས་ཞུ་ཉེར་སྤྱོད་ཀྱི་ཚད་ལྡན་ཅན་གྱི་ཞབས་ཞུ་སུམ་ཁྲི་དྲུག་སྟོང་ལྷག་མངོན་འགྱུར་བྱུང་ཡོད།

ད་ལྟ་གྲོང་ཁྱེར་གྱི་རིག་གནས་ཀྱི་མིང་བྱང་སྔར་ལས་བཀྲག་མདངས་འཚེར་བར་གྱུར་ཡོད། མིག་སྔའི་བར་དུ། རྒྱལ་ཡོངས་སུ་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན143དང་ཀྲུང་གོའི་ལོ་རྒྱུས་རིག་གནས་ཀྱི་གྲོང་རྡལ་གྲགས་ཅན312ཡོད་པ་དང་། ལོ་རྒྱུས་ཀྱི་བཟོ་བཀོད་ཁྲི་དྲུག་སྟོང་བརྒྱད་ཆིག་བརྒྱ་གཏན་འཁེལ་བྱས་ཡོད།

མཉམ་འབྲེལ་རྒྱལ་ཚོགས་མི་སྡོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རིན། ཨ་ན་ཁི་ལའོ་ཏི་ཡ·ལའོ་སི་པ་ཧི་ཡིས་བཤད་རྒྱུར། ང་ཀྲུང་གོའི་གྲོང་ཁྱེར་གྱི་རྣམ་པ་བསྒྱུར་བར་ཡ་མཚན་ཆེན་པོ་སྐྱེས། ཀྲུང་གོའི་ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད་དང་། ལྗང་མདོག་བཟོ་བཀོད། མཚོ་བལ་གྲོང་ཁྱེར་གྱི་ལག་རྩལ། དེ་མིན་སྤྱི་པའི་བར་སྟོང་ཇུས་འགོད་དང་འཆར་འགོད་བཅས་ཐད་ཀྱི་ཉམས་མྱོང་དང་། ལྷག་པར་དུ“དམངས་ཕན་འཚོ་བའི་ཚོམས”སྐོར་གྱི་འདུ་ཤེས་དག་ཚང་མ་རྒྱལ་ཁབ་གཞན་དག་གི་གྲོང་ཁྱེར་དང་མཉམ་སྤྱོད་བྱས་ཆོག

ད་ལོར། 《གྲོང་ཁྱེར་གསར་སྒྱུར་འགུལ་སྐྱོད་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དཔར་འགྲེམ་བྱས་པ་དང་ཆབས་ཅིག ང་ཚོའི་གྲོང་ཁྱེར་ལ་འགྱུར་ལྡོག་དེ་བས་མང་པོ་སྩོལ་རྒྱུ་རེད།

ད་ལོར། ཀྲུང་དབྱང་གི་སྔོན་རྩིས་ནང་གི་དངུལ་གཏོང་གིས་ཆེད་དུ་གྲོང་ཁྱེར་གསར་སྒྱུར་གྱི་ཆེད་དམིགས་རྣམ་གྲངས་བཙུགས་པ་དང་། གྲོང་ཁྱེར་ནང་གི་གྲོང་སྡེ་བསྒྱུར་བཀོད་བྱེད་པའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར་དུ་རྒྱ་སྐྱེད་བཏང་ཡོད།

ད་ལོར། ས་གནས་རིམ་པ་དང་དེའི་ཡན་གྱི་གྲོང་ཁྱེར297ལ་གྲོང་ཁྱེར་བརྟག་དཔྱད་བྱེད་པའི་རྨང་གཞིའི་ཐོག ཆ་རྐྱེན་འཛོམས་པའི་རྫོང་རིམ་པའི་གྲོང་ཁྱེར་གྱིས་ཀྱང་གྲོང་ཁྱེར་བརྟག་དཔྱད་བྱེད་ཀྱིན་ཡོད།

མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་བསྐྲུན་པ་དང་། མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱི་ཆེད་དུ་ཡིན། དུས་རབས་གསར་པ་དང་འཐབ་ལམ་གསར་པའི་བགྲོད་ལམ་སྟེང་། གྲོང་ཁྱེར་རེ་རེ་ཡིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་གྲོང་ཁྱེར་འདུ་ཤེས་ལག་བསྟར་བྱས་ཏེ། བདེ་སྡོད་ལ་འཚམ་པ་དང་། མཉེན་ཆ་ལྡན་པ། ཤེས་རིག་ལྡན་པ་བཅས་ཀྱི་འཛུགས་སྐྲུན་དམིགས་འབེན་ཕྱོགས་སུ་སྐྱོད་བཞིན་ཡོད་ལ། མི་དམངས་ཀྱི་དགོས་མཁོ་དང་། མི་དམངས་ཀྱི་རེ་ཞུ། མི་དམངས་ཡིད་ཚིམ་པ་བཅས་གྲོང་ཁྱེར་བཅོས་སྐྱོང་མ་ལག་ཁྲོད་ཚུད་དགོས། གྲོང་ཁྱེར་རེ་རེ་ཚང་མ་མི་དམངས་ཀྱི་བདེ་སྐྱིད་ཁྱིམ་གཞིས་སུ་འགྱུར་བར་བྱ་དགོས།