ཧན་ཀྲིན་གྱིས་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་།
2025.07.15 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཟླ7པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིང་དུ་རྒྱ་གར་གྱི་ཕྱི་འབྲེལ་པུའུ་ཀྲང་སུའུ་ཅེ་ཧྲིན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་ན་ནིང་གི་ཟླ10པར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཙུང་ལི་མའོ་ཏི་དང་མཉམ་དུ་ཁ་ཧྲན་དུ་མཇལ་འཛོམས་གནང་སྟེ། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་ཡང་བསྐྱར་འགོ་རྩོམ་པར་སྣེ་ཁྲིད་མཛད། ཀྲུང་གོ་དང་རྒྱ་གར་ནི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་ཁོངས་ཞུགས་རྒྱལ་ཁབ་གལ་ཆེན་ཡིན་པས། ཕན་ཚུན་གྱི་རེ་བ་མངོན་འགྱུར་བྱེད་ཐུབ་པའི་གྲོགས་པོ་བྱ་རྒྱུ་ནི་ཕྱོགས་གཉིས་ཀྱི་ཡང་དག་པའི་གདམ་གསེས་ཡིན། ཕྱོགས་གཉིས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་བྱེད་དགོས། མཐོ་རིམ་གྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ།  ཕན་ཚུན་གྱི་དོ་སྣང་ལ་བརྩི་འཇོག་བཅས་བྱས་ཏེ། ཀྲུང་གོ་དང་རྒྱ་གར་བར་གྱི་འབྲེལ་བ་རྒྱུན་མཐུད་དང་སྐྱོན་བྲལ། བརྟན་ལྷིང་བཅས་ཀྱི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས།

སུའུ་ཅེ་ཧྲིན་གྱིས་ཙུང་ལི་མོ་ཏི་དང་ཀྲུའུ་ཞི་ཞི་ཅིན་ཕིང་གཉིས་ཀྱིས་ཁ་ཧྲན་དུ་མཇལ་འཛོམས་གནང་རྗེས། རྒྱ་གར་དང་ཀྲུང་གོའི་བར་གྱི་འབྲེལ་བ་བརྟན་པོའི་ངང་ཇེ་ལེགས་སུ་ཕྱིན་ཡོད། རྒྱ་གར་ཕྱོགས་ཀྱིས་འགོ་ཁྲིད་མི་སྣའི་ཐུན་མོང་གི་ངོས་འཛིན་མཛུབ་སྟོན་དུ་བཟུང་ནས། རྒྱ་གར་དང་ཀྲུང་གོའི་འབྲེལ་བའི་འཕེལ་ཕྱོགས་སྲུང་འཛིན་དང་། གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་ལམ་སྲོལ་ཁྲོད་ཀྱི་འབྲེལ་འདྲིས་མཐུན་སྦྱོར་ལ་ཤུགས་སྣོན་འདོད་ཡོད། རྒྱ་གར་ཕྱོགས་ཀྱིས་ཀྲུང་གོ་ནི་རེས་སྐོར་ཀྲུའུ་ཞིའི་རྒྱལ་ཁབ་ཡིན་པའི་ཆ་ནས་ད་ལོའི་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་རྩེ་ཚོགས་ལེགས་པར་བསྒྲུབ་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་བསྟན།