རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་དང་རྒྱུན་མཐུད་འཕེལ་རྒྱས་ལ་འབྲེལ་བ་ཡོད་པའི་བསྐལ་བརྒྱའི་ཇུས་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲུང་སྐྱོབ་གཙོར་འཛིན་པ་དང་། བཅོས་སྐྱོང་གནད་འགག་ཡིན་པའི་འཐབ་ཇུས་བླང་བྱ་ཁོང་དུ་བརྟན་པོར་ཆུད་དེ། འབབ་རྒྱུད་ཡོངས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཚད་རིམ་གསར་པ་ཞིག་ཏུ་སླེབས་པར་ཡར་སྐུལ་གཏོང་བ་དང་། ལྗང་མདོག་ཚུལ་སྒྱུར་ལ་འཕེལ་རིམ་གསར་བ་ཡོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་གསར་བ་ལོན་པ། མི་དམངས་མང་ཚོགས་ཀྱི་འཚོ་བ་ལེགས་བཅོས་གསར་པ་ཡོང་བར་བྱ་དགོས་པ་བསྟན། སྤྱི་ཁྱབ་ཧྲུའུ་ཅིའི་མངག་བཅོལ་ཡིད་ལ་དམ་པོར་བཅངས་བ་དང་། རྨ་ཆུའི་འགྲམ་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡིས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་རྣམ་པ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་ནས། འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་ཆེན་པོ་སྩོལ་དགོས།
རྨ་ཆུའི་འབབ་རྒྱུད་ལས་རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ཀྱི་ལྕགས་རི་གལ་ཆེན་གྲུབ་ཅིང་། མིའི་འགྲོ་འོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ས་ཁོངས་གལ་ཆེན་ཞིག་ཀྱང་ཡིན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་ཀྲུང་ཧྭ་མི་རིགས་དང་ཀྲུང་ཧྭའི་ཤེས་དཔལ་དུས་གཏན་འཕེལ་རྒྱས་ཀྱི་མཐོ་ཚད་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྨ་ཆུའི་སྲུང་སྐྱོབ་དང་བཅོས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་ནས། རྨ་ཆུའི་སྟོད་སྨད་བར་གསུམ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས9ལ་རྟོག་ཞིབ་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པར་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་སྲོལ་ཇེ་ལེགས་སུ་གཏོང་དགོས་པ་བཏོན། ཚང་འཛོམས་གྲོས་ཚོགས་རྗེས་ཀྱི་ས་གནས་རྟོག་ཞིབ་ཐོག་མ་དེ། སྤྱི་ཁྱབ་ཧྲུའུ་ཅི་རྨ་ཆུ་སྔོན་མོ་གྲོང་ཁྱེར་བརྒྱུད་ནས་བཞུར་བཞིན་པའི་ཀན་སུའུ་ལན་ཀྲིག་ཏུ་ཕེབས་ཤིང་། གནས་འདི་རུ་འགོ་འཛིན་མཛད་དེ་ཆེད་དོན་བཞུགས་མོལ་ཚོགས་འདུ་བསྡུས། ཁོང་གིས“རྨ་ཆུ་བཅོས་སྐྱོང་གི་མ་ལག་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་སྔར་བས་འབུར་དུ་དོད་དེ། སྐྱེ་ཁམས་མ་ལག་གལ་ཆེན་སྲུང་སྐྱོབ་དང་སླར་གསོའི་བཟོ་སྐྲུན་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ།” “འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཚུལ་སྒྱུར་ལ་སྐུལ་འདེད་གཏོང་དགོས”པ་དང་། མ་ཡུམ་ཆུ་བོས་བུ་རབས་ཚ་རྒྱུད་ལ་ཕན་འདོགས་དགོས་ཚུལ་བསྟན།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་ལ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་གྲུབ་འབྲས་མངོན་གསལ་བླངས། འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་དུ་ལེགས་བཅོས་བྱས། 《རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འཆར་འགོད་རྩ་གནད》བཏོན་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས》ལག་ཏུ་བསྟར་ཞིང་། 《རྨ་ཆུའི་རྒྱལ་ཁབ་རིག་གནས་སྤྱི་གླིང་འཛུགས་སྐྲུན་གྱི་སྲུང་སྐྱོབ་འཆར་འགོད》ལག་བསྟར་བྱས་ནས། རྨ་ཆུའི་བདེ་འཇགས་དང་འབྲེལ་བའི་སྲིད་ཇུས་འཆར་འགོད་མ་ལག་སྔར་ལས་ཚན་རིག་དང་མཐུན་ཞིང་འཐུས་ཚང་དུ་གྱུར། “བྱང་གསུམ”སོགས་སྐྱེ་ཁམས་བཟོ་སྐྲུན་གལ་ཆེན་ལ་ཏན་ཏིག་སྒོས་སྐུལ་འདེད་བཏང་བ་དང་། རྨ་ཆུའི“ཁུག་སོའི”འགག་སྒྲོལ་སོགས་མཚོན་བྱེད་རང་བཞིན་གྱི་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ་བ། སྲུང་སྐྱོབ་དང་བཅོས་སྐྱོང་གི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ། ནུས་ཤུགས་ཡོད་རྒུས་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྔོན་དུ་འཇོག་པ་དང་། ལྗང་མདོག་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བར་སྐུལ་འདེད་བཏང་། ད་ལྟ། རྨ་ཆུའི་གཞུང་རྒྱུན་བསྟུད་མར་ལོ་གསུམ་ལ་བཞུར་ལམ་ཡོངས་ཀྱི་ཆུ་གཤིས་རིགས་གཉིས་པའི་ཚད་གཞིར་རྒྱུན་འཁྱོངས་བྱས་ཤིང་། འབབ་རྒྱུད་ཀྱི་ཆུ་གཤིས་བཟང་པོའི་བསྡུར་ཚད་ལོ་གཉིས་ལ་བསྟུད་མར90%ལས་བརྒལ་ཞིང་། རྩ་ཆེའི་དངོས་རིགས་ཀྱི་གྲངས་ཀ་མངོན་གསལ་གྱིས་ཇེ་མང་དུ་ཕྱིན།
ཧྲན་ཞི་ཡུན་ཁྲེན་ཕིང་ལུའུ་རྫོང་གི་སྡོད་དམངས་ཀྲའོ་ཏན་གྱིས་བཤད་རྒྱུར། ད་ལྟ་རྨ་ཆུ་ནི་ཇེ་དྭངས་ནས་ཇེ་དྭངས་རེད། རྨ་ཆུའི་འགྲམ་གྱི་ཁོར་ཡུག་ཇེ་བཟང་ནས་ཇེ་བཟང་དུ་ཕྱིན། ལམ་གྱི་གཞོགས་གཉིས་དང་འགྲམ་རྒྱུད་ཀྱི་རི་ལྡེབས་ལྗོངས་སྟེགས་སུ་བསྐྲུན་ཞིང་། སྐྱེ་ཁམས་སླར་གསོ་བྱས་པ་བརྒྱུད། ང་ཚོ་འཆམ་འཆམ་དང་སྦྱོང་བརྡར་བྱ་ཡུལ་ལེགས་པོར་གྱུར་ཡོད་ལ། འདི་ནས་འཚོ་བ་རོལ་ན་ཧ་ཅང་བདེ་སྐྱིད་ལྡན་པ་ཞིག་རེད་ཟེར།
རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཆེན་པོ་དང་མཐུན་སྦྱོར་ཆེན་པོའི་རྣམ་པ་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བར། ད་ལོ་ནས་བཟུང་རྨ་ཆུའི་འགྲམ་རྒྱུད་ཀྱི་ས་གནས་སོ་སོས་འབད་པ་ཆེན་པོས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ལྕགས་རི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་། སྟོད་རྒྱུད་སྨད་རྒྱུད་གཞི་གཅིག་ཏུ་འབྲེལ་བའི་སྐྱེ་ཁམས་ཁོར་ཡུག་གི་བཅོས་སྐྱོང་མ་ལག་འཛུགས་པར་སྐུལ་འདེད་བཏང་ཡོད། རྨ་ཆུའི་འབྱུང་ཡུལ་དུ་ཆགས་པའི་མཚོ་སྔོན་ལ་མཚོན་ན། ད་ལོར་གཙོ་གནད་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3བཏང་ནས། གཙོ་གནད་འབབ་རྒྱུད་ཀྱི་འཕྲེད་ཕྱོགས་སྐྱེ་ཁམས་སྲུང་སྐྱོབ་ཁ་གསབ་ཀྱི་ལམ་སྲོལ་འཚོལ་ཞིབ་ཧུར་ཐག་བྱ་རྒྱུ་ཡིན། ཀན་སུའུ་རུ། ལྟག་ཆུ་བསྐྱིལ་གསོག་དང་། རྒྱལ་ཁོངས་ལྗང་སྒྱུར། བྱེ་འགོག་བྱེ་བཅོས་སོགས་གཙོ་གནད་ལས་གཞི་ཁག་ཅིག་མགྱོགས་མྱུར་ལག་བསྟར་བྱས་ནས། རྨ་ཆུའི་འགྲམ་རྒྱུད་ཀྱི་གྲོང་ཁྱེར་དང་ཁུལ9ཡི་རྫོང59ལ་ཁྱབ་ཡོད།
“བྱང་གསུམ”བཟོ་སྐྲུན་གྱི་མཉམ་འགོག་མཉམ་བཅོས་ལ་ཤུགས་བསྣན་ནས་སྤྱི་ཡོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས། ནང་སོག་ཨ་ལ་ཧྲན་མུན་དུ། པཱ་ཏན་ཅི་ལིན་དང་། ཐིན་ཀི་ལེ། ཝུའུ་ལན་པུའུ་བཅས་དང་བྱེ་ཐང་སྒྲོག་སྐྱོབ་ཀྱི་ནགས་རྩྭ་དག་ཉེ་སྔོན་ཕྱོགས་གཅིག་ཏུ་སྦྲེལ་ལ། བྱེ་ཐང་ཆེན་པོ་གསུམ་གྱི་བྱེ་མཐའ་“སྒོ་ལྕགས་”དམ་དུ་བརྒྱབ་ནས། རྨ་ཆུའི་བྱེ་འདམ་ནུས་ལྡན་གྱིས་བཀག་འགོག་བྱས། ད་ལོར་ནང་སོག་གིས“བྱང་གསུམ”བཟོ་སྐྲུན་གྱི་འགག་སྒྲོལ་མུ་མཐུད་དུ་ལེགས་པོ་བྱ་རྒྱུ་ཡིན་ལ། འཆར་གཞི་ལྟར་ན་ད་ལོར་མུའུ་བྱེ་བ་གཉིས་ཡན་བཅོས་སྐྱོང་བྱ་རྒྱུ་ཡིན་ལ། རྨ་ཆུའི“ཁུག་སོའི”འགྲམ་རྒྱུད་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་ནགས་རྩྭ་དག་ཕྱོགས་གཅིག་ཏུ་སྦྲེལ་བ་གཙོ་གནད་དུ་བཟུང་ནས་སྐུལ་འདེད་གཏོང་རྒྱུ་རེད།
ཡན་ལག་ཆུ་བོ་གལ་ཆེན་དང་མཚོ་མཛོད་གཙོ་བོའི་བཅོས་སྐྱོང་ལ་ཤུགས་བསྣན་ནས། ད་ལོར། ཧྲན་ཞི་ཡིས་ནུས་ཤུགས་ཡོད་རྒུས“གཙང་ཆུ་སྔོན་མོ་རྨ་ཆུར་བཞུར”ཞེས་པའི་སྐྱེ་ཁམས་སྲུང་སྐྱོབ་ལས་གཞིར་སྐུལ་འདེད་བཏང་བ་དང་། རི་ཆུ་ནགས་དང་ས་ཞིང་། མཚོ་དང་མཚེའུ། རྩྭ་ཐང་དང་བྱེ་ཐང་བཅས་གོ་རིམ་ལྡན་པའི་ངང་བཅོས་སྐྱོང་གཅིག་གྱུར་འཆར་འགོད་བྱས་ཤིང་། མིག་སྔར་ལས་གཞིའི་རྣམ་གྲངས285ལས་འགོ་ཚུགས་ཡོད། སྔོན་དཔག་བྱས་ན་ལོ་མཇུག་ཏུ་ལེགས་འགྲུབ་བྱས་ནས་ཕན་འབྲས་ཐོན་པར་བྱས་ཏེ། ཧྥེན་ཧོ་ཆུ་བོའི་འབབ་རྒྱུད་ཀྱི་རྒྱལ་ཁབ་ས་ངོས་ཆུའི་དཔྱད་ཞིབ་བཅད་ངོས21ཚང་མ་རིགས་གསུམ་པའི་ཆུའི་སྤུས་ཚད་ལ་སླེབས་པའམ་ཡང་ན་དེ་ལས་ལེགས་པར་བརྩོན་ལེན་བྱ་རྒྱུ་རེད།
འཕེལ་རྒྱས་གཏོང་སྟངས་ཕྱོགས་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་ས་ཁུལ་སོ་སོས་ད་དུང་ལྗང་མདོག་ཐཱན་ཉུང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཤུགས་བསྣན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས།
ད་ལོའི་ཚུན་ལ། ཧྲན་ཏུང་གིས་རྒྱལ་ཁབ་རིམ་པའི་ལྗང་མདོག་བཟོ་གྲྭ86དང་ལྗང་མདོག་བཟོ་ལས་གླིང་ཁུལ་13གསར་དུ་བཙུགས་ཤིང་། ཉིན་ཞ་རུ་རླུང་གློག་འོད་ཤུགས་རྟེན་གཞི་ཆེ་གྲས་སོགས་རྣམ་གྲངས་གལ་ཆེན་ཁག་ཅིག་དུས་ཚོད་དམ་འཛིན་སྒོས་འཛུགས་སྐྲུན་བྱེད་བཞིན་ཡོད། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་དུས་མཇུག་བར་དུ། ཉིན་ཞའི་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སྟོང་ཝ་བྱེ་བ་ལྔ་ས་ཡ་ལྔ་ལས་བརྒལ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན་ལོ་རེར་དབྱང་གཉིས་ཐཱན་འགྱུར་ཕུད་ཚད་ཏུན་བྱེ་བ་དྲུག་དང་ས་ཡ་ལྔ་ལྷག་ཇེ་ཉུང་དུ་གཏོང་ཐུབ།
ཉིན་ཞ་ཧུའེ་རིགས་རང་སྐྱོང་ལྗོངས་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ནུས་རྒྱུ་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ཡའོ་པོ་ཡིས་བཤད་རྒྱུར།
ད་ལོ་ནས་བཟུང་། ཉིན་ཞ་ཡིས་རྒྱལ་ཁབ་ཀྱི“བྱེ་མ་དང་ས་རྒོད”ཀྱི་རྟེན་གཞི་ཆེན་པོ་དང་“ཉིན་ཞའི་གློག་ཧུའུ་ནན་དུ་འདྲེན་པའི”ཆ་འགྲིག་ནུས་ཁུངས་གསར་པའི་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་སྤེལ་བྱས་ཏེ། ནུས་ཁུངས་གཙང་མ་འགག་སྒྲོལ་བྱེད་སར་བཟུང་ནས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྔོན་སྐྱོད་ས་ཁུལ་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ཡོད།
འཆར་གཞི་ལྟར་ན། 2035ལོར་སླེབས་དུས། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྱོན་ཡོངས་ནས་ལེགས་བཅོས་བྱུང་ཞིང་། སྐྱེ་ཁམས་མ་ལག་སྐྱོན་བྲལ་དང་བརྟན་བརླིང་ཡིན་ལ། ཆུའི་ཐོན་ཁུངས་གྲོན་ཆུང་དང་བེད་སྤྱོད་གཏོང་བའི་ཆུ་ཚད་རྒྱལ་ཡོངས་ཀྱི་སྔོན་གྲས་སུ་སླེབས་ཏེ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གཞི་རྩའི་ཆ་ནས་འགྲུབ་དགོས།