ཚའེ་ཆི་ཡིས་པེ་ཏའེ་ཧི་རུ་དབྱར་ཁའི་གུང་གསེང་གཏོང་བཞིན་པའི་ཆེད་མཁས་པར་འཚམས་འདྲི་གནང་།
2025.08.04 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཚའེ་ཆི་ཡིས་ཚེས3ཉིན་པེ་ཏའེ་ཧི་རུ། དབྱར་ཁའི་གུང་གསེང་གཏོང་བཞིན་པའི་ཆེད་མཁས་པར་སྐོར་བརྒྱབ་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཚབ་ཞུས་ནས། རྒྱལ་ཡོངས་ཀྱི་འཐབ་ཕྱོགས་སོ་སོ་དང་ཁྱབ་ཁོངས་སོ་སོའི་རྒྱ་ཆེའི་ཆེད་མཁས་པ་དང་ཤེས་ལྡན་མི་སྣར་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་གནང་།

ཚའེ་ཆི་ཡིས་བསྟན་དོན། ཆེད་མཁས་པ་དང་འཇོན་མི་ནི་ཏང་དང་རྒྱལ་ཁབ་ཀྱི་རྩ་ཆེའི་རྒྱུ་ནོར་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པའི་ཚུན་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་འཇོན་མིའི ལས་དོན་དེ་རྒྱལ་སྲིད་སྐྱོང་ལུགས་ཀྱི་གོ་གནས་གལ་ཆེན་དུ་བཞག་སྟེ། ཏང་གིས་འཇོན་མིའི་ལས་དོན་ལ་འགོ་ཁྲིད་པར་ཕྱོགས་ཡོངས་ནས་ཤུགས་བསྣན་པ་དང་། འཇོན་མིར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། སློབ་གསོ་དང་ཚན་རྩལ་སྐོར་གྱི་འཇོན་མིའི་བྱ་གཞག་གོང་དུ་འཕེལ་བར་གཞི་གཅིག་ཏུ་སྐུལ་འདེད་བཏང་བས། འཇོན་མི་རྒྱུན་མ་ཆད་པར་ཐོན་པ་དང་ནུས་པ་གང་ཡོད་འདོན་པ། ཡོན་ཏན་ཇི་ཡོད་མངོན་པ་བཅས་ཀྱི་རྣམ་པ་བཟང་པོ་ཆགས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་ཆེད་མཁས་པ་དང་འཇོན་མིར་ཐུགས་ཁུར་ཆེན་པོ་གནང་ནས། རྒྱ་ཆེའི་ཆེད་མཁས་པ་དང་འཇོན་མིས་བློ་རྩ་བརྟན་པོས་གསར་གཏོད་དང་ཡང་རྩེར་འཛེགས་རྒྱུར་ལྕག་སྐུལ་གནང་། འཐབ་ལམ་གསར་པའི་སྟེང་དུ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། རྒྱ་ཆེའི་ཆེད་མཁས་པ་དང་འཇོན་མིའི་ལས་སྒྲུབ་ལས་སྐྲུན་ལ་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་མཁོ་འདོན་བྱས་ཡོད། ཆེད་མཁས་པ་དང་འཇོན་མིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”སྔར་ལས་ཇེ་དྲག་གཏོང་བ་དང་“ཡིད་རྟོན་བཞི”སྔར་ལས་ཇེ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས། ཚན་རིག་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དུས་རབས་ཀྱི་ལས་འགན་ལྗི་མོ་རང་འགུལ་ངང་ཕྲག་ཏུ་འཁུར་བ། གསར་གཏོད་ཡར་བརྩོན་དང་འབད་འཐབ་བྱས་ཏེ་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་དང་ཚན་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ། འཇོན་མིའི་སྟོབས་ལྡན་རྒྱལ་ཁབ་བཅས་འཛུགས་སྐྲུན་བྱེད་ཆེད། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གསར་བ་སྔར་ལས་ཆེན་པོ་འཇོག་དགོས་པའི་རེ་བ་ཡོད་ཅེས་བསྟན།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕུལ་བྱུང་ཆེད་མཁས་པའི་འཐུས་ཚབ་པེ་ཏའེ་ཧི་རུ་གུང་གསེང་གཏོང་བར་གདན་དྲངས་པ་དེ་ནི། ཏང་དང་རྒྱལ་ཁབ་ཀྱི་འཇོན་མིའི་ལས་དོན་གྱི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་གལ་ཆེན་ཞིག་རེད། ད་ལོའི་གུང་གསེང་བྱེད་སྒོའི་བརྗོད་དོན་གཙོ་བོ་ནི“དུས་རབས་གསར་པར་བྱས་རྗེས་འཇོག”ཅེས་པ་དེ་ཡིན་ཞིང་། གུང་གསེང་གི་བྱེད་སྒོར་ཞུགས་མཁན་ལ་ཚན་རྩལ་མཐོ་བའི་ཁྱབ་ཁོངས་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་པ། རྨང་གཞིའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་ན་གཞོན་འཇོན་མི་སོགས་ཡོད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུན། རྒྱལ་སྲིད་ཨུ་ཡོན་ཧྲིན་དབྱི་ཆིན་བྱེད་སྒོར་ཞུགས།