མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་བསྡུས།
2025.08.05 ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། ཀློག་གྲངས། 0

ཟླ8པའི་ཚེས4ཉིན། ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་བྱེད་པའི་ཉམས་མྱོང་བརྗེ་རེས་ཚོགས་འདུ་ཟི་ལིང་དུ་བསྡུས། གྲོས་ཚོགས་ལས་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་ཁྱབ་བསྒྲགས་བྱས་པ་དང་། ཉམས་མྱོང་བརྗེ་རེས་ཀྱི་ཕན་འབྲས་ཕྱོགས་ཡོངས་ནས་སྤྱི་བསྡོམས་བྱས།

གྲོས་ཚོགས་ལས་བསྟན་དོན། 2021ལོར་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མི་རིགས་བྱ་བའི་གྲོས་ཚོགས་བསྡུས་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་གཙོ་ཐིག་ཏུ་བཟུང་ནས།    “དཔེ་སྟོན་ཞིང་ཆེན”གསར་འཛུགས་ཁྲིད་སྟོན་དུ་བྱས་ཏེ།    སྔ་རྗེས་སུ་ཆོད་དོན་དང་ལག་བསྟར་བསམ་འཆར་པར་འགྲེམ་བྱས་པ་དང་། འགོ་ཁྲིད་ཀྱི་ལམ་སྲོལ་དང་བྱ་བའི་རྐྱེན་སྲོལ། འགྲོ་གྲོན་འགན་སྲུང་སོགས་བཙུགས་པ་དང་། ནུས་ཤུགས་ཡོད་རྒུས་བྱ་བ་གསར་འཛུགས་དེ“གྲངས་འབོར་བརྩོན་ལེན”ནས“དཔེ་སྟོན་སྣེ་ཁྲིད”དུ་བསྒྱུར་རྒྱུར་སྐུལ་འདེད་གཏོང་བའི་ཐད་བྱ་བ་དངོས་བསྒྲུབས་ཤིང་། ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་ཁུལ། 93.3%གྱི་རྫོང་དང་ས་ཁུལ་དུ་སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་བསྐྲུན་ནས། མཚོ་སྔོན་གྱི་མི་རིགས་བྱ་བ་མདུན་གྲལ་དུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྟེང་བཏོན་པའི“སྤྱོད་ཚུལ་བསྒྱུར་བར་སྐུལ་འདེད་ཆེན་པོ་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ནུས་ཤུགས་ཡོད་རྒུས་གཟུགས་ལྡན་དང་ཚོར་ལྡན་ནུས་ལྡན་བཅས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནུས་ལྡན་ངང་ཇེ་བརྟན་དུ་གཏོང་བ་དང་། མི་རིགས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།   སྔར་ལས་མང་པོའི“བརྗེ་རེས་གསུམ”གྱི་ཟོང་རྟགས་གཏོད་པའི་ཐད་མདུན་དུ་བསྐྱོད་ནས་དཔེ་སྟོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་ཡིས་ཏང་གི་འགོ་ཁྲིད་མི་རིགས་བྱ་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་རྒྱུན་འཁྱོངས་བྱས་ཏེ།    ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས“ཚན་གཙོ་གཉིས་ཀྱི་ལམ་ལུགས”དང་མི་རིགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལམ་ལུགས་སྔར་ལས་འཐུས་ཚང་དུ་བཏང་སྟེ།    མི་རིགས་བྱ་བའི་མཐུན་སྦྱོར་རྐྱེན་སྲོལ་དང་མི་རིགས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལམ་སྲོལ་གསར་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། དུས་རབས་གསར་པའི་མཚོ་སྔོན་གྱི་མི་རིགས་བྱ་བ་མཉམ་དུ་ལེགས་པར་བསྒྲུབ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བྱ་བ་དེ་ཏང་འཛུགས་སྐྲུན་དང་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་ནང་འཇུག་པ་དང་།    ཆབ་སྲིད་རྟོག་ཞིབ་དང་སྐོར་ཞིབ། སྲིད་འབྲས་དཔྱད་ཞིབ་བཅས་ཀྱི་ཁྱབ་ཁོངས་སུ་བཅུག་ནས། རང་ཞིང་གི་མི་རིགས་བྱ་བའི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་འཕར་སྣོན་ལ་སྐུལ་འདེད་གཏོང་དགོས།

ཤ་བོ་རིན་མཚོས་བསྒྱུར།