ཞི་ཅིན་ཕིང་གིས་ལྷོ་ཁོ་རེ་ཡའི་སྲིད་འཛིན་དང་གྲོས་མོལ་མཛད།
2025.11.02 ཁུངས། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀློག་གྲངས། 0

ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོར། ལྷོ་ཁོ་རེ་ཡའི་སྲིད་འཛིན་ལིས་ཙའེ་མིན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཆིན་ཀྲོའུ་རྟེན་མཛོད་ཁང་དུ་གྲོས་མོལ་མཛད། 

 ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོར། ལྷོ་ཁོ་རེ་ཡའི་སྲིད་འཛིན་ལིས་ཙའེ་མིན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཆིན་ཀྲོའུ་རྟེན་མཛོད་ཁང་དུ་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་གཉིས་ནི་གནས་སྤོ་ཐབས་མེད་པའི་ཁྱིམ་མཚེས་གལ་ཆེན་དང་ཁ་འབྲལ་མི་ཐུབ་པའི་མཉམ་ལས་གྲོགས་པོ་ཡིན། འབྲེལ་བ་བཙུགས་ནས་ལོ་ངོ33འགོར་བའི་རིང་། རྒྱལ་ཁབ་གཉིས་ཀྱིས་སྤྱི་ཚོགས་ཀྱི་ལམ་ལུགས་དང་འདུ་ཤེས་འཛིན་སྟངས་ཀྱི་ཁྱད་པར་ལས་བརྒལ་ནས། ཁྱབ་ཁོངས་སོ་སོའི་བརྗེ་རེས་དང་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་སྟེ། ཕན་ཚུན་ལ་གྲུབ་འབྲས་ཐོབ་པ་དང་མཉམ་དུ་དར་རྒྱས་སུ་བཏང་། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པར་མ་ཟད་དུས་རབས་ཀྱི་རླབས་རྒྱུན་དང་མཐུན་པའི་གདམ་ག་ཡང་དག་ཅིག་ཡིན་པ་དོན་དངོས་ལས་ར་སྤྲོད་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བར་མཐོང་ཆེན་བྱས་ནས། ལྷོ་ཁོ་རེ་ཡའི་སྲིད་ཇུས་ལ་རྒྱུན་མཐུད་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་འཁྱོངས་བྱས་ཡོད། ལྷོ་ཁོ་རེ་ཡའི་ཕྱོགས་དང་མཉམ་དུ་འབྲེལ་འདྲིས་ལ་ཤུགས་སྣོན་པ་དང་། མཉམ་ལས་ཟབ་སྤེལ། ཐུན་མོང་གི་ཁེ་ཕན་རྒྱ་སྐྱེད་པ། ལག་གདང་སྦྲེལ་ནས་འགྲན་སློང་ལ་ཁ་གཏད་འཇལ་བ་དང་། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འཐབ་ཇུས་མཉམ་ལས་གྲོགས་པོའི་འབྲེལ་བ་བརྟན་པོར་འཕེལ་རྒྱུར་སྐུལ་འདེད་བཏང་སྟེ། ས་ཁུལ་གྱི་ཞི་བདེ་དང་འཕེལ་རྒྱས་ལ་དྲང་ནུས་སྔར་ལས་མང་པོ་འདོན་སྤྲོད་བྱེད་འདོད་ཡོད།

ས་དེའི་དུས་ཚོད་ཟླ11པའི་ཚེས1ཉིན་གྱི་ཕྱི་དྲོར། ལྷོ་ཁོ་རེ་ཡའི་སྲིད་འཛིན་ལིས་ཙའེ་མིན་གྱིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་མཉམ་དུ་ཆིན་ཀྲོའུ་རྟེན་མཛོད་ཁང་དུ་གྲོས་མོལ་མཛད། 

ཞི་ཅིན་ཕིང་གིས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བའི་རྣམ་པ་གསར་པ་གཏོད་རྒྱུའི་ཐད་གྲོས་གཞི་ཁག་བཞི་བཏོན།

གཅིག་ནི་འཐབ་ཇུས་འབྲེལ་འདྲིས་ལ་ཤུགས་བསྣན་ནས་ཕན་ཚུན་ཡིད་ཆེས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། ཡུན་རིང་པོར་དམིགས་ནས་ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་། ཕན་ཚུན་བརྩི་འཇོག་བྱེད་པའི་ཁྲོད་མཉམ་དུ་འཕེལ་རྒྱས་གཏོང་བ། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་ཁྲོད་མཉམ་ལས་གཉིས་ཕན་ཡོང་བ་བྱེད་དགོས། རང་སོ་སོའི་སྤྱི་ཚོགས་ལམ་ལུགས་དང་འཕེལ་རྒྱས་འགྲོ་ལམ་ལ་བརྩི་འཇོག་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་ལ་མཛའ་མཐུན་སྒོས་གྲོས་མོལ་བྱེད་པར་བརྟེན་ནས། འགལ་བ་དང་མི་མཐུན་པ་ཐག་གཅོད་འོས་འཚམ་བྱ་དགོས། རྒྱལ་ཁབ་གཉིས་དབར་གྱི་གྲོས་མོལ་བྱ་ཐབས་དང་བརྗེ་རེས་ལམ་སྲོལ་ཡག་པོར་སྤྱད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས།

གཉིས་ནི་གཉིས་ཕན་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས་ཁེ་ཕན་གྱི་འབྲེལ་ཐག་ཇེ་དམ་དུ་གཏོང་དགོས། ཁྱིམ་མཚེས་ལ་ཕན་འདོགས་པ་ནི་རང་ཉིད་ལ་རོགས་རམ་བྱེད་པ་དང་གཅིག་མཚུངས་ཡིན། ཀྲུང་གོ་ཕྱོགས་ཀྱིས་ལྷོ་ཁོ་རེ་ཡའི་ཕྱོགས་དང་མཉམ་དུ་གཉིས་ཕན་མཉམ་རྒྱལ་གྱི་རྩ་དོན་རྒྱུན་འཁྱོངས་དང་། ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་རང་མོས་ཉོ་འཚོང་གྲོས་ཆོད་ཀྱི་དུས་རིམ་གཉིས་པའི་གྲོས་མོལ་ཇེ་མགྱོགས་སུ་བཏང་ནས། མི་ཐབས་རིག་ནུས་དང་། སྐྱེ་དངོས་སྨན་བཟོ། ལྗང་མདོག་ཐོན་ལས། སྐྲ་དཀར་དཔལ་འབྱོར་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་སྦས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་སྤུས་ཚད་ཇེ་མཐོར་གཏོང་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡ་རྒྱལ་ཁབ་གཉིས་ཀྱིས་དྲ་རྒྱའི་རྒྱན་འཛུགས་དང་གློག་འཕྲིན་མགོ་སྐོར་ལ་རྡུང་རྡེག་གཏོང་རྒྱུར་མཐོང་ཆེན་བྱེད་བཞིན་ཡོད་ལ། ཕྱོགས་གཉིས་དང་ས་ཁུལ་རིམ་པས་མཉམ་ལས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྔར་ལས་སྲུང་སྐྱོང་ལེགས་པོ་བྱེད་དགོས།

གསུམ་ནི་རྒྱལ་དམངས་ཀྱི་བརྩེ་བ་ཇེ་ཟབ་ཏུ་བཏང་ནས་དམངས་སེམས་གཅིག་མཐུན་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། གླེང་ཕྱོགས་དང་དམངས་འདུན་ལ་ཁྲིད་སྟོན་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། དྲང་ཕྱོགས་ཀྱི་ཆ་འཕྲིན་མང་དུ་སྤེལ་ནས་མི་ལེགས་པའི་ཆ་བཀག་འགོག་བྱ་དགོས། སྐྱོན་བྲལ་ཕན་ཡོད་ཀྱི་མི་གཞུང་བརྗེ་རེས་བྱས་ཏེ། ཕན་ཚུན་གྱི་རྒྱུས་མངའ་ཇེ་ཟབ་དུ་གཏོང་བ་དང་། དམངས་འདོད་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། མི་སྣའི་འགྲོ་འོང་སྟབས་བདེར་བཟོ་བ་དང་། གཞོན་ནུ་ལོ་ཆུང་དང་སྨྱན་སྦྱོར། རིག་མཛོད། ས་གནས་སོགས་ཀྱི་འགྲོ་འོང་ཇེ་མང་དུ་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་བར་ཁ་ཞེ་གཉིས་མཐུན་ཡོང་བར་སྐུལ་འདེད་བཏང་སྟེ།  ཀྲུང་གོ་དང་ལྷོ་ཁོ་རེ་ཡའི་འབྲེལ་བ་སྐྱོན་བྲལ་དང་བརྟན་བརླིང་ངང་འཕེལ་བར་སྣང་ཚུལ་བཟང་པོ་ཞིག་བསྐྲུན་དགོས།

བཞི་ནི་ཕྱོགས་མང་མཉམ་ལས་དམ་ཟབ་བྱས་ནས་ཞི་བདེའི་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས། ཀྲུང་གོས་ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མ་ཡིན་པའི་ཚོགས་འདུ་ལེགས་པོར་བསྡུས་པར་རྟེན་འབྲེལ་ཞུ་བཞིན་ཡོད་ལ།  ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་ས་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགྲོན་བདག་རྒྱལ་ཁབ་ཀྱི་འགན་འཁུར་དང་ལེན་བྱེད་པའི་གོ་སྐབས་དང་བསྟུན་ནས། ཕྱོགས་སོ་སོ་དང་མཉམ་དུ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་རང་མོས་ཉོ་ཚོང་ཁུལ་གྱི་འཕེལ་རིམ་དང་ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་།  ཨ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་འདོད་ཡོད། ཀྲུང་གོ་དང་ལྷོ་ཁོ་རེ་ཡས་ཕྱོགས་མང་རིང་ལུགས་ངོ་མ་མཉམ་དུ་ལག་བསྟར་བྱེད་པ་དང་།  ཕྱོགས་མང་ཉོ་ཚོང་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་ནས། རྒྱལ་སྤྱིའི་བཅོས་སྐྱོང་སྔར་ལས་དྲང་གཞག་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།

ཞི་ཅིན་ཕིང་གིས་ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག“ལོ་ལྔའི་འཆར་འགོད་བཅོ་ལྔ་པར”གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། ཀྲུང་གོའི་དཔལ་འབྱོར་གྱི་རྨང་གཞི་བརྟན་པོ་དང་། ལེགས་ཆ་མང་བ། མཉེན་ཆ་ཆེ་བ། གཏིང་ཤུགས་ཆེ་བ། ཡུན་རིང་བཟང་ཕྱོགས་སུ་འཕེལ་བའི་འདེགས་སྐྱོར་ཆ་རྐྱེན་དང་གཞི་རྩའི་འཕེལ་ཕྱོགས་ལ་འགྱུར་ལྡོག་བྱུང་མེད་པས། བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ཆེ་རུ་གཏོང་བ་དང་།  འཛམ་གླིང་གི་རྒྱལ་ཁབ་ཁག་དང་མཉམ་དུ་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱེད་འདོད་ཡོད་པ་ནན་གྱིས་བསྟན།

ལི་ཙའེ་མིན་གྱིས་བསྟན་དོན། ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ལོ11གི་རྗེས་ནས་སླར་ཡང་ལྷོ་ཁོ་རེ་ཡར་རྒྱལ་དོན་འཚམས་འདྲི་གནང་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་བཞིན་ཡོད་ལ། འཚམས་འདྲི་འདི་ལྷོ་ཁོ་རེ་ཡ་དང་ཀྲུང་གོའི་འབྲེལ་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་དབར་འབྲེལ་བ་བཙུགས་པའི་ཚུན་ལ། ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་ཕྱིན་ནས། རང་སོ་སོའི་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ནུས་ལྡན་བཏང་ཡོད། ལྷོ་ཁོ་རེ་ཡ་དང་ཀྲུང་གོ་ནི་ཁྱིམ་མཚེས་ཡིན་ལ་ཁ་འབྲལ་ཐབས་མེད་པའི་གྲོགས་པོ་ཡང་ཡིན། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོའི་དབར་གྱི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཕྱོགས་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་བ་སྔར་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། ཕྱོགས་གཉིས་ཀས་མཐོ་རིམ་འགྲོ་འོང་ཇེ་ཟབ་ཏུ་བཏང་ནས། སྲིད་ཏང་དང་ས་གནས་དབར་གྱི་བརྗེ་རེས་ཇེ་ཟབ་ཏུ་གཏོང་བ་དང་། མི་མཐུན་པའི་ཆ་ཐག་གཅོད་འོས་འཚམ་བྱེད་དགོས། ཀྲུང་གོའི“ལོ་ལྔའི་འཆར་འགོད་བཅོ་ལྔ་པ”ལས་མ་འོངས་ལོ་ལྔའི་རིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་གཙོ་གནད་ཁ་གསལ་བཟོས་ཡོད། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོ་དང་གཉིས་ཕན་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོན་སྐྱེད་དང་མཁོ་སྤྲོད་ཀྱི་ཕྲེང་སྦྲེལ་ལ་བརྟན་ལྷིང་ངང་སྲུང་སྐྱོང་བྱས་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་བདེ་སྐྱིད་བསྐྲུན་འདོད་ཡོད། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་མི་གཞུང་བརྗེ་རེས་ཇེ་ཟབ་ཏུ་བཏང་ནས། རྒྱལ་དམངས་ཀྱི་བརྩེ་དུང་ཇེ་ལེགས་སུ་གཏོང་འདོད་ཡོད། ལྷོ་ཁོ་རེ་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས2026ལོའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་གཙོ་གཉེར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་སྤྱི་དང་ས་ཁུལ་གྱི་བྱ་བའི་སྟེང་འབྲེལ་འདྲིས་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས། ས་ཁུལ་དང་འཛམ་གླིང་ཡོངས་ཀྱི་ཞི་བདེ་དང་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་འདོད་ཡོད།

གྲོས་མོལ་མཇུག་སྒྲིལ་རྗེས། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱིས་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་དང་། དངུལ་རྩ། ཞིང་ལས། ཁྲིམས་བསྟར། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོར་མཉམ་དུ་བདེན་དཔང་གནང་།

ཉིན་དེའི་དགོང་མོར། ལི་ཙའེ་མིན་གྱིས་ཞི་ཅིན་ཕིང་དང་ཁྱབ་ཁོངས་ཆུང་བའི་མཛའ་བཤེས་བརྗེ་རེས་གནང་བར་མ་ཟད་ཞི་ཅིན་ཕིང་ལ་དགའ་བསུ་ཞུ་བའི་གསོལ་སྟོན་བཤམས།

ཚའེ་ཆི་དང་ཝང་དབྱི་སོགས་གོང་གསལ་བྱེད་སྒོར་ཞུགས།

ཞོགས་པའི་ཕྱོགས་བསྡུས་གསར་འགྱུར། སྒྲ་ལྡན་རྒྱལ་སྤྱིའི་གསར་འགྱུར། དུས་ཐོག་གསར་འགྱུར།