
ཟླ11པའི་ཚེས14ཉིན། ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་སྲིད་གྲོས་རིམ་པ་བཞི་པའི་ཨུ་ཡོན་གྱི་སྣེ་ཁྲིད་དེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་རུ“རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་གནས་ཚུལ”ལ་དམིགས་ནས་རྟོག་ཞིབ་བྱས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་གོ་བ་གཏིང་ཟབ་བླངས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཐོག་མཐའ་བར་གསུམ་དུ“རྒྱལ་དོན་གྱི་ཆེ་ཕྱོགས”སེམས་ལ་བཟུང་སྟེ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་བྱ་བར་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།
མགོན་པོ་བཀྲ་ཤིས་སོགས་སྐྱེ་ཁམས་འགྲེམ་སྟོན་ཁང་དུ་ཡོང་ནས་ལྟ་སྐོར་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་འགུལ་རྣམ་ལྟ་ཞིབ་ཚད་ལེན་གྱི་བརྙན་རིས་སོགས་ལ་བལྟས། བཞུགས་མོལ་ཚོགས་འདུའི་སྟེང་། མགོན་པོ་བཀྲ་ཤིས་ཀྱིས་ཚོགས་ཞུགས་བློ་མཐུན་རྣམས་ལ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་བྱས་པའི་མྱོང་ཚོར་མཉམ་སྤྱོད་བྱས་པ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་གཞི་གྲངས་ཆེན་པོའི་ལྟེ་གནས་འཛུགས་སྐྲུན་བྱས་ཚུལ་ལ་ཉན། ཁོས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པའི་རླབས་ཆེན་གྱི་ལག་ལེན་ཞིག་རེད། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། དཀའ་ངལ་ཁྱད་བསད་བྱས་ཏེ་ལོ་བཅུ་ལྷག་རིང་གི་ལག་ལེན་འཚོལ་ཞིབ་བྱས་པ་བརྒྱུད་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཡོད། སྲིད་ཇུས་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་གཏོང་བ་དང་། རང་བྱུང་ཐོན་ཁུངས་གྱི་རྒྱུ་ནོར་དོ་དམ་བྱ་བ་ཚད་ལྡན་དུ་གཏོང་བ། རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་བ། སྐྱེ་ཁམས་སླར་གསོ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཕན་འབྲས་མངོན་གསལ་ལེན་པ། རང་བྱུང་སྲུང་སྐྱོབ་དང་སྡེ་ཁུལ་འཆམ་མཐུན་ངང་འཕེལ་རྒྱས་གཏོང་རྒྱུ་ཟུང་འབྲེལ་སྔར་ལས་དམ་ཟབ་བྱེད་པ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལས་ཐོབ་པའི་གྲུབ་འབྲས་མངོན་གསལ་དང་ཟུང་འབྲེལ་བྱས་ཏེ། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཆར་འགོད་ནན་ཏན་གྱིས་ལེགས་སྒྲིག་བྱེད་པའི་རེ་བ་ཡོད་ཅེས་བསྟན།
མགོན་པོ་བཀྲ་ཤིས་ཀྱིས་ནན་གྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་བཞི་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་ཡག་པོ་བླངས་ཏེ། “གཏན་ཕབ་གཉིས”ལ་གོང་བཀུར་བྱེད་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པའི་མཐོ་ཚད་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་མཛུབ་ཁྲིད་བསམ་བློ་དང་རྩ་དོན་གལ་ཆེན། དམིགས་འབེན་གཙོ་བོ། འཐབ་ཇུས་བྱེད་ཐབས་བཅས་ལ་གོ་བ་གཏིང་ཟབ་ལེན་པ་དང་ཁོང་དུ་ཆུད་པར་བྱས་ནས། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་གཅིག་གྱུར་ཏན་ཏིག་བྱ་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་པ་བརྒྱུད། མུ་མཐུད་དུ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་བྱ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁབ་འཐབ་ཇུས་ཁྲོད་ཀྱི་ཆབ་སྲིད་དང་སྐྱེ་ཁམས་གནས་བབ་ཇེ་མཐོར་བཏང་སྟེ། ཏང་ཀྲུང་དབྱང་གི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ངེས་གནས་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ལྟར། འཛམ་གླིང་གིས་དོ་སྣང་བྱེད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དཔེ་མཚོན་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས། དོ་དམ་ཐད་གསར་གཏོད་ཀྱི་ལམ་དུ་བསྐྱོད་ནས་ཀྲུང་དབྱང་གི་བླང་བྱ་དོན་འཁྱོལ་བྱེད་པ་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དོ་དམ་གྱི་ལམ་བུ་ཞིག་གཏོད་དགོས། དུས་མཚུངས་སུ་སྤྱི་ཚོགས་ཡོངས་ཀྱི་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱས་ཏེ། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོ་དམ་བྱ་བའི་སྟོབས་ཤུགས་རྒྱ་ཁྱབ་གཅིག་སྡུད་བྱ་དགོས།
ལིའུ་ཐུང་ཏི། ཝང་ཞོན། ལི་ཞའོ་ནན་བཅས་རྟོག་ཞིབ་ལ་ཞུགས།
ཤ་བོ་རིན་མཚོས་བསྒྱུར།