
ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱར་མཚན་རྟགས་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི《ཕྱི་ཕྱོགས་སུ་རྒྱལ་རྟགས་ཀྱི་པར་རིས་སྤྱོད་པའི་བྱ་ཐབས》ཁྱབ་བསྒྲགས་བྱས།
《བྱ་ཐབས》ཀྱི་དམིགས་ཡུལ་ནི་བཟོ་བཅོས་བྱས་རྗེས་ཀྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་བཅའ་ཁྲིམས》དོན་འཁྱོལ་བྱས་ཏེ། ཕྱི་ཕྱོགས་སུ་བྱེད་སྒོ་སྤེལ་བའི་ཁྲོད་རྒྱལ་རྟགས་ཀྱི་དཔེ་རིས་བེད་སྤྱོད་ཡང་དག་བྱས་ནས། རྒྱལ་རྟགས་ཀྱི་གཟི་བརྗིད་དང་རྒྱལ་ཁབ་ཀྱི་སྣང་བརྙན་སྲུང་སྐྱོང་བྱ་རྒྱུ་དེ་ཡིན། 《བྱ་ཐབས》ལ་ཁྱོན་བསྡོམས་དོན་ཚན14ཡོད་པ་ལས། ཕྱི་དོན་བྱེད་སྒོ་དང་ཕྱི་རྒྱལ་དུ་སྡོད་པའི་རྒྱལ་ཁབ་ཀྱི་གཞུང་ཚབ་ཁང་དང་གཞུང་ཚབ་དོན་གཅོད་ཁང་། དེ་མིན་ཕྱི་འབྲེལ་འཐུས་ཚབ་ལས་ཁུངས་གཞན་དག་བཅས་ཀྱིས་ཕྱི་ཕྱོགས་སུ་རྒྱལ་རྟགས་ཀྱི་དཔེ་རིས་སྤྱོད་པར་བྱེད་ཐབས་འདི་སྤྱོད་པར་གཏན་འཁེལ་གསལ་བོ་བྱས་ཡོད།
《བྱ་ཐབས》ལས་རྒྱལ་ཁབ་ཀྱི་ལས་ཁུངས་དང་མི་སྣ། ཕྱི་དོན་བྱེད་སྒོ་གལ་ཆེན་བཅས་ཀྱིས་ཕྱི་ཕྱོགས་སུ་རྒྱལ་རྟགས་ཀྱི་དཔེ་རིས་སྤྱོད་པའི་འབྲེལ་ཡོད་གནས་ཚུལ་འཐུས་ཚང་དུ་བཏང་བ་མ་ཟད། འབྲེལ་ཡོད་ཐམ་ག་དང་ལག་འཁྱེར། ཡིག་ཆ། དེ་མིན་རྒྱལ་ཁབ་ཀྱི་ལུས་རྩལ་དང་རྩལ་ནུས་འགྲན་སྡུར་གྱི་འཐུས་ཚབ་ཚོགས་པའི་མི་སྣའི་གྱོན་ཆས་སོགས་ལས་ཕྱི་ཕྱོགས་སུ་རྒྱལ་རྟགས་ཀྱི་དཔེ་རིས་སྤྱོད་པའི་གནས་ཚུལ་ཚད་ལྡན་དུ་བཏང་།