
ཟླ11པའི་ཚེས21ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་ཤིང་། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པར་མ་ཟད། རང་ཞིང་གི་ལག་བསྟར་བསམ་ཚུལ་ལ་ཞིབ་འཇུག་བྱས།
གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཏུང་རུ་གཟིགས་ཞིབ་གནང་སྐབས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་ཐད་ཀྱི་མཛུབ་སྟོན་གལ་ཆེན་དང་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས། བཅོས་སྒྱུར་ཕྱོགས་ཡོངས་ནས་སྔར་ལས་ཟབ་སྤེལ་བྱས་ཏེ། རྒྱལ་ཁབ་ཀྱི་ཁུལ་ཁོངས་ཆེན་མོའི་འཕེལ་རྒྱས་འཐབ་ཇུས་ཁྲོད་ཧུར་ཐག་གིས་ཞུགས་པ་དང་། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་སོགས་ས་ཁུལ་གྱི་སྦྲེལ་མཐུད་མཉམ་ལས་ཁྲོད་རྒྱ་བསྐྱེད་དེ། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། དཔལ་འབྱོར་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་སྒུལ་ནུས་གསར་པ་སྣོན་དགོས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་ནན་མོ་དང་གོ་བ་གཏིང་ཟབ་ལེན་པ་དང་། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་ལྟར། ཏང་གིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་འགོ་ཁྲིད་པའི་ལམ་ལུགས་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྐྱོང་སྲིད་གཞུང་གི་དཔེ་སྟོན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ་བ། ཚན་རིག་ཁྲིམས་འཛུགས་དང་ཁྲིམས་བསྟར་ནན་མོ། དྲང་གཞག་ཁྲིམས་འཛིན། དམངས་ཡོངས་ཁྲིམས་སྲུང་བཅས་མཐུན་སྦྱོང་སྐུལ་སྤེལ་བྱས་ནས། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དེ་ཁྲིམས་ལྟར་ཞིང་ཆེན་སྐྱོང་བའི་བརྒྱུད་རིམ་ཧྲིལ་བོ་དང་། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་མཚོ་སྔོན་མྱུར་དུ་འཛུགས་སྐྲུན་བྱེད་པའི་ཁྲོད་མངོན་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱ་བ་གཏིང་ཟབ་ཏུ་སྤེལ་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུའི་ཐད་ཆེད་དོན་བཀོད་སྒྲིག་བྱས་ནས། དུས་རྒྱུན་དམ་འཛིན་ལྷོད་མེད་དང་ཡུན་རིང་བྱས་རྗེས་འཇོག་པའི་བརྡ་རྟགས་གསལ་བོར་བསྟན་ཡོད་པས། 2025ལོའི་དུས་ཚིགས་བཞི་པའི་ཀྲུང་དབྱང་ངོས་ཐད་ནས་ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ནས་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་རྐྱེན་སྲོལ་གྱི་གྲོས་ཚོགས་བཀོད་སྒྲིག་ནན་ཏན་གྱིས་ལག་བསྟར་དངོས་འབེབས་བྱས་ཏེ། ཡང་དག་པའི་སྲིད་འབྲས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་ལག་ལེན་དུ་བསྟར་དགོས་ཤིང་། ནན་མོ་མཐའ་འཁྱོལ་དང་དཔེ་སྟོན་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་པ། འགོ་ཁྲིད་ལས་བྱེད་པའི་སྣེ་འདྲེན་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུས་བཅོས་སྐྱོང་བྱེད་པ་མུ་མཐུད་གཏིང་ཟབ་ཏུ་སྤེལ་བ་དང་། གནད་དོན་གཅིག་ཐག་གཅོད་པ་ནས་གནད་དོན་རིགས་གཅིག་ཐག་གཅོད་པའི་བར་སྣུར་སྲིང་བྱ་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ནས། ཕྱི་ཚུལ་རིང་ལུགས་བཅོས་སྐྱོང་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཇེ་ཡང་དུ་གཏོང་བའི་ལས་དོན་ལ་སྔར་ལས་མང་བའི་གྲུབ་འབྲས་ལོན་པར་ཁག་ཐེག་བྱེད་དགོས།
གྲོས་ཚོགས་སྟེང《ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུས་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཀྱི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་གཞི་གཏན་འབེབས་བཟོ་རྒྱུའི་སྐོར་གྱི་བསམ་ཚུལ་གྱི་གྲོས་སྡུར་མ་ཡིག》ལ་གྲོས་ཞིབ་བྱས་ཤིང་། ཕྱོགས་ཡོངས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཀོད་སྒྲིག་དང་ཀྲུང་དབྱང་གི་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་འཆར་འགོད་གྲོས་གཞི་ཚད་འཛིན་དང་དཔེ་སྡུར་བྱས་ཏེ། ཆེད་མཁས་པའི་བསམ་ཚུལ་དང་། ལས་རིགས་ཁག་གི་གྲོས་གཞི་དང་གཞི་རིམ་གྱི་ཉམས་མྱོང་བཅས་བསྡུ་ལེན་ལེགས་པོ་བྱེད་པ། ཚད་གཞི་ཆེས་ཆེ་བའི་སྒོ་ནས་ཕྱོགས་སོ་སོའི་བློ་གྲོས་གཅིག་སྡུད་བྱས་ནས། ཞིང་ཆེན་ཏང་ཨུའི་གྲོས་གཞིའི་མ་ཡིག་སྔར་ལས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་དགོས། འཆར་འགོད་ཀྱི་རྩ་གནད་སྒྲིག་བཟོ་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། སྤྱིའི་འཆར་འགོད་དང་ཆེད་དོན་འཆར་འགོད་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ཆ་ཚང་ཞིང་མ་ལག་ལྡན་པ། ཚན་རིག་དང་མཐུན་པའི་འཆར་འགོད་མ་ལག་ལ་བརྟེན་ནས་ལོ་ལྔའི་འཆར་འགོད་བཅོ་ལྔ་པའི་དུས་སྐབས་ཀྱི་རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འཆར་གཞི་ལེགས་པོ་འགོད་དགོས་པ་ནན་གྱིས་བསྟན།
གྲོས་ཚོགས་ལས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་མི་རིགས་བྱ་བའི་གྲོས་ཚོགས་ཀྱི་བཀོད་སྒྲིག་སྔར་ལས་ལྷག་པར་དངོས་འབེབས་བྱེད་པ་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དཔེ་སྟོན་ཞིང་ཆེན་བསྐྲུན་པ་དང་ཟུང་འབྲེལ་བྱས་ཏེ། ཏང་སྲིད་འགན་འཁྲི་ཇེ་དམ་དུ་གཏོང་བ་དང་། བཀོད་གཏོང་མཛུབ་སྟོན་ལ་ཤུགས་སྣོན་པ། འབྲེལ་གསུམ་ཚོང་རྟགས་ཀྱི་གྲགས་ཚད་མཐོ་རུ་བཏང་སྟེ། བྱ་བའི་གྲུབ་འབྲས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། དམངས་ཚིས་ལེགས་སྒྱུར། མི་སེམས་གཅིག་སྒྲིལ་བཅས་ཀྱི་དོན་དངོས་གྲུབ་འབྲས་སྟེང་མངོན་པར་བྱས་ནས། ཏང་གི་མི་རིགས་ས་ཁུལ་གྱི་སྲིད་འཛིན་གཞི་རྩ་རྒྱུན་མཐུད་ངང་ཇེ་བརྟན་དུ་གཏོང་དགོས།
གྲོས་ཚོགས་ལས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།
རིག་འཛིན་སྒྲོལ་མས་བསྒྱུར།