
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། ནུས་ཁུངས་འགན་ལེན་དང་བདེ་འཇགས་དེ་རྒྱལ་ཇུས་དམངས་འཚོ་དང་འབྲེལ་བ་ཡོད་པས་སྣང་ཆུང་གཏན་ནས་བྱེད་མི་རུང་བའི“རྒྱལ་དོན་གྱི་ཆེ་ཕྱོགས”ཤིག་རེད། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”སྐབས་སུ། རང་རྒྱལ་གྱི་དམིགས་བསལ་མཐོ་གནོན་བཟོ་སྐྲུན་འཛུགས་སྐྲུན་མུ་མཐུད་ནས་ཇེ་མགྱོགས་སུ་བཏང་སྟེ། ཤར་ལྷོ་ནུབ་བྱང་དུ་ཁྱབ་པའི་རིམ་འདས་གློག་དྲ་ཞིག་མགྱོགས་མྱུར་ངང་འགྲུབ་བཞིན་ཡོད་ལ། ནུས་ཁུངས་གློག་ཤུགས་ཞིང་ཆེན་དང་ཆུས་བརྒལ་ཏེ་སྐྱེལ་འདྲེན་གྱི་ནུས་པ་ཆེ་རུ་ཕྱིན་པ་དང་ཆབས་ཅིག ནུས་ཁུངས་བདེ་འཇགས་ཀྱི་རྨང་གཞི་སྔར་བས་ཇེ་བརྟན་དུ་གཏོང་དགོས།
སྐར་ཆ་གཅིག་ལ། ནུབ་གློག་ཤར་སྐྱེལ་གྱི་གློག་གི་འདྲེན་ཚད་ཏུའུ་ཉིས་ཁྲི་དགུ་སྟོང་དུ་སླེབས་ཤིང་། ལོ་གཅིག་ལ་བསྡོམས་པས་གློག་ཏུའུ་ཁྲག་ཁྲིག་དགུ་ཐེར་ཆེན་གཉིས་ལས་བརྒལ་བ་སྐྱེལ་བཞིན་ཡོད་པས། རྒྱལ་ཡོངས་ཀྱི་ཁྱིམ་ཚང་ཕྱེད་ཀ་ལྷག་གི་གློག་བཀོལ་སྤྱོད་ཀྱི་དགོས་མཁོ་སྐོང་ཐུབ།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”འཆར་འགོད་ཀྱི་རྩ་གནད་དུ། རང་རྒྱལ་གྱིས་ནུས་ཁུངས་གཙང་མའི་རྟེན་གཞི་སྐོར་ཞིག་མགྱོགས་མྱུར་སྒོས་བསྐྲུན་ཏེ། དམིགས་བསལ་མཐོ་གནོན་གློག་འདྲེན་བརྒྱུད་ལམ་གྱི་སྤྱོད་ཚད་དང་ནུས་ཁུངས་གཙང་མའི་བསྡུ་ཉར་གཙང་སེལ་གྱི་ནུས་པ་ཆེ་རུ་གཏོང་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་ལ། རང་རྒྱལ་གྱིས་དམིགས་བསལ་མཐོ་གནོན་བཟོ་སྐྲུན19འཛུགས་སྐྲུན་གྱི་འགོ་བརྩམས་པ་དང་། བསྡོམས་གྲངས་ཀྱི་ཕྱེད་ཀར་ཉེ་བ་ཟིན་ཡོད། ལོ་ལྔའི་རིང་ལ། ཞིང་ཆེན་དང་ཆུས་བརྒལ་ནས་སྐྱེལ་འདྲེན་བྱས་པའི་གློག་གི་སྤྱི་འབོར་ཏུའུ་ཁྲག་ཆེན་བརྒྱད་ཁྲག་ཁྲིག་བརྒྱད་ལས་བརྒལ་བ་དང་། དམིགས་བསལ་མཐོ་གནོན་གྱི་དྲ་སྒྲོམ་གཙོ་བོ་དང་ས་ཁོངས་བར་གྱི་ཕན་ནུས་མཐོ་བའི་མཉམ་སྦྲེལ་གྱི་ནུས་ཁུངས“འཕར་རྩ་ཆེན་མོ”རུ་གྲུབ་ནས། ཀྲུང་གོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས།
ནུས་ཁུངས་བདེ་འཇགས་ནི་རང་རྒྱལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལ་འབྲེལ་བ་དམ་པོ་ཡོད་པ་དང་། བདེ་འཇགས་གྲས་ཀྱི་གལ་འགངས་ཆེ་ཤོས་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས་ལ། རྒྱལ་ཁབ་ཀྱི་ནུས་ཁུངས་རྟེན་གཞི་གལ་ཆེན་སྐོར་ཞིག་རྒྱ་ཆེ་རུ་གཏོང་བ་དང་སྟོབས་ཆེ་རུ་བསྐྱེད་དེ། “ནུབ་གློག་ཤར་སྐྱེལ་”གྱི་ནུས་པ་ཆེ་རུ་གཏོང་དགོས། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”རིང་། སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་ཀྱི་ནུས་ཁུངས་རྟེན་གཞི་གལ་ཆེན་དུ་རྟོག་ཞིབ་གནང་བར་ཕེབས་ཏེ། ཚོགས་འདུ་གལ་ཆེན་ལ་འགོ་འཛིན་མཛད་ནས་གློག་ཤུགས་མ་ལག་གསར་པ་མགྱོགས་མྱུར་སྒོས་བསྐྲུན་པར་ཐུགས་བཀོད་མཛད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནད་འགག་གི་ལག་རྩལ་དང་ཐོན་རྫས་གཙོ་བོ་རིམ་འཇུག་རིམ་སྤོར། ལག་རྩལ་གསར་པའི་བློ་གྲོས་ཀྱིས་འདེགས་སྐྱོར་བྱེད་པ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས་པ་དང་། བདེ་འཇགས་ཡིན་ལ་ཡིད་རྟོན་རུང་པའི་དམིགས་བསལ་མཐོ་གནོན་གློག་སྐྱེལ་གྱི་གློག་སྒྱུར་སྐུད་ལམ་འཆར་འགོད་དང་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ལ། གློག་དྲས་ནུས་ཁུངས་གཙང་མ་བསྡུ་ལེན་དང་། བཀོད་སྒྲིག སྙོམས་སྒྲིག་གི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་བསྟན།
རྒྱལ་ཁབ་ནུས་ཁུངས་ཅུའུ་གློག་ཤུགས་སིའི་སི་ཀྲང་གཞོན་པ་ཐན་ཧུང་ཅང་གིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི“གསར་བརྗེ་བཞི་དང་མཉམ་ལས་གཅིག་”གི་ནུས་ཁུངས་བདེ་འཇགས་ཀྱི་འཐབ་ཇུས་གསར་པ་དང་། དེ་བཞིན་ནུས་ཁུངས་བདེ་འཇགས་འགན་སྲུང་སོགས་ཀྱི་བསམ་བློ་གསར་པ་དང་ལྟ་བ་གསར་པའི་ཇུས་ཆོད་གསར་པ་རབ་དང་རིམ་པ་བཏོན། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་ལ་དམིགས་བསལ་མཐོ་གནོན་གྱི་སྒྲོམ་དྲ་གཙོ་བོ་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བར་ཁྲིད་སྟོན་གལ་ཆེན་གནང་ནས། རང་རྒྱལ་གྱི་ནུས་ཁུངས་ཐོན་ཁུངས་དང་ཐེག་ཚད་ལྟེ་གནས་ཀྱི་ལྡོག་ཕྱོགས་སུ་ཁྱབ་པའི་དཀའ་གནད་སེལ་བར་ཁ་ཕྱོགས་གསལ་བོ་བསྟན།
“ལོ་ལྔའི་འཆར་འགོད་བཅུ་བཞི་པའི་”སྐབས་སུ། རང་རྒྱལ་གྱིས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས། ནུས་ཁུངས་གཙང་མའི་ཕྱིར་སྐྱེལ་བགྲོད་ལམ་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། དམིགས་བསལ་མཐོ་གནོན་གྱི་སྒྲོམ་དྲ་འཐུས་ཚང་དུ་གཏོང་བར་རྒྱབ་སྐྱོར་བྱས་ལ། དམིགས་བསལ་མཐོ་གནོན་གྱི་ཐད་རྒྱུག་གློག་འདྲེན་ལག་རྩལ་འཕེལ་རྒྱས་ལ་སྐུལ་འདེད་བཏང་། ལོ་ལྔའི་རིང་ལ། རང་རྒྱལ་གྱི་དམིགས་བསལ་མཐོ་གནོན་བཟོ་སྐྲུན་ལ་ཁྱོན་བསྡོམས་མ་དངུལ་སྒོར་ཁྲག་ཁྲིག་གསུམ་ཐེར་ཆེན་བརྒྱད་ལས་བརྒལ་བ་བཏང་ནས། དམིགས་བསལ་མཐོ་གནོན་འཕེལ་རྒྱས་ཀྱི་མྱུར་ལམ་དུ་ཞུགས།
པའེ་ཧི་ཆུ་གློག་ས་ཚིགས་ཀྱི་རྦ་རླབས་ལང་ལོང་དུ་འཕྱུར་བའི་ཟེགས་མ་དེ་ཟད་པ་མེད་པའི་གློག་ནུས་སུ་བསྒྱུར་བ་དང་། ཧའོ་སྨི་སྐར་ཆ7ལ། སྟོང་ཝ་བྱེ་བ་གཅིག་ས་ཡ་དྲུག་གི་ཐད་རྒྱུག་གློག་དམིགས་བསལ་མཐོ་གནོན་གྱི་རྒྱུན་དང་འགྲོགས་ནས“བར་སྣང་ཁྱམས་ར”བརྒྱུད་དེ་ཅང་སུའུ་དང་ཀྲེ་ཅང་དུ་ཐད་ཀར་འབྱོར། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”རིང་། རང་རྒྱལ་གྱི་ནུས་ཁུངས་ལྗང་མདོག་ཐཱན་ཉུང་རིགས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་ཕྱིན་པ་དང་། ནུས་ཁུངས་ཐོན་ཁུངས་ཕུན་སུམ་ཚོགས་པའི་བྱང་རྒྱུད་དང་ནུབ་རྒྱུད་ས་ཁུལ་དུ་ནུས་ཁུངས་གཙང་མའི་རྟེན་གཞི་དགུ་བསྐྲུན་པ་དང་། དམིགས་བསལ་མཐོ་གནོན་གློག་གཏོང་བཟོ་སྐྲུན་དེ་ནུས་ཁུངས་གཙང་མ་རྒྱང་རིང་ནས་སྐྱེལ་འདྲེན་ཐུབ་པའི“གློག་ཤུགས་ཀྱི་མྱུར་བགྲོད་གཞུང་ལམ”གལ་ཆེན་ཞིག་ཏུ་གྱུར།
ལོ་ལྔའི་རིང་། འཛམ་གླིང་དུ་སྐྱེལ་འདྲེན་གྱི་ཤོང་ཚད་སྔར་བས་ཆེ་བ་དང་། སྐྱེལ་འདྲེན་གྱི་བར་ཐག་སྔར་ལས་རིང་ལ། ལག་རྩལ་སྔོན་ཐོན་ཡིན་པའི་དམིགས་བསལ་མཐོ་གནོན་གྱི་གློག་གཏོང་བཟོ་སྐྲུན་སྐོར་ཞིག་སྔ་རྗེས་སུ་ཐོན་སྐྱེད་ཀྱི་འགོ་བརྩམས་པ་དང་། རྨ་ནུབ་དོག་ལམ་གྱི་རླུང་གློག་དང་། ཇུན་གར་གཞོངས་སའི་ཉི་ནུས། འབྲི་ཆུའི་ཆུ་གློག་བཅས“གློག་ཤུགས་ཀྱི་མྱུར་བགྲོད་གཞུང་ལམ”རེ་རེ་བཞིན་བརྒྱུད་དེ། གློག་གི་དགོས་མཁོ་ཆེ་བའི་དབུས་ཤར་རྒྱུད་ས་ཁུལ་ལ་ཀྲུང་གོའི་ནུས་ཁུངས་ཀྱི་དཔེ་རིས་བསྐྲུན་པར་རམ་འདེགས་བྱས། 2024ལོར་རང་རྒྱལ་གྱིས་ཆུས་བརྒལ་བའི་དམིགས་བསལ་མཐོ་གནོན་ཐད་རྒྱུག་ལ་ནུས་ཁུངས་གཙང་མའི་གློག་གཏོང་ཚད་དུས་ཚོད་རེར་སྟོང་ཝ་ཁྲག་ཁྲིག་བཞི་ཐེར་ཆེན་གཉིས་བསྐྱལ་བ་དང་། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དུས་མཇུག་དང་བསྡུར་ན70%འཕར་བ་དང་། དེས60%ཙམ་ཟིན་ཡོད་པ་རེད།
རིམ་འདས་བཟོ་སྐྲུན་རེ་རེའི་རྒྱབ་ཏུ། རང་རྒྱལ་གྱི་ཐོན་སྐྱེད་བྱེད་ཚད100%ཡིན་པའི་ཚན་རྩལ་དངོས་མ་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4750ཡོད་པའི་གངས་ལྗོངས་མཐོ་སྒང་དུ། “རྐང་བརྒྱད་རྣམ་པའི”སྒོ་དབྱིབས་ལྕགས་སྒྲོམ་གྱིས་ཧའོ་སྨི60ཡོད་པའི་འཁྱགས་རོམ་ཐེག་ཐུབ་ལ། ལྷོ་ནུབ་ས་ཁུལ་དུ་དམིགས་བསལ་མཐོ་གནོན་བཟོ་སྐྲུན་ཐོག་མ་དེ་ཁོར་ཡུག་ཞན་པའི་གངས་རི་མང་པོ་བརྒལ་ཞིང་། འབྲི་ཆུའི་འགྲམ་རྒྱུད་དང་། མཉེན་གཤིས་ཐད་རྒྱུག་གི་བཟོ་སྐྲུན། གློག་དྲར“རིག་ནུས་ཁ་ཕྱོགས”སྤྲད་དེ་རླབས་འགུལ་རང་བཞིན་ཆེས་ཆེ་བའི་ཆུ་གློག་དེ་བདེ་བླག་ངང་སྤྱི་ལེ2000བགྲོད་ཐུབ། ད་ལྟ། ཀྲུང་གོའི་ཁེ་ལས་ཀྱིས་གོ་ལ་ཧྲིལ་པོའི་བརྒྱ་ཆའི་བརྒྱད་ཅུ་ལས་བརྒལ་བའི་དམིགས་བསལ་མཐོ་གནོན་ལག་རྩལ་གྱི་ཚད་གཞི་གཙོ་ཁྲིད་བྱས་ཏེ་གཏན་ཁེལ་བྱས་ཡོད་པ་དང་། དམིགས་བསལ་མཐོ་གནོན་ལག་རྩལ་གྱི‘རྗེས་འབྲངས་བ’ནས‘སྣེ་ཁྲིད’པར་གྱུར་བའི་ལོ་རྒྱུས་ཀྱི་མཆོང་སྐྱོད་མངོན་འགྱུར་བྱུང་།
དེ་ནི་དངོས་ལུགས་བར་ཐག་གི་ཐོད་བརྒལ་ཞིག་ཡིན་པར་མ་ཟད། ནུས་ཁུངས་བཀོད་སྒྲིག་ནུས་པའི་གསར་བརྗེའི་རང་བཞིན་མཐོ་རུ་ཕྱིན་པ་ཞིག་ཀྱང་རེད། ད་སྐབས། མཐོ་གནོན་གློག་འདྲེན་སྐུད་ལམ44མཐུད་ནས་དྲ་བར་གྱུར་ཡོད། ལོ་ལྔའི་རིང་ལ། དྲ་བ་འདིས་ཆ་སྙོམས་ཉིན་རེར་སྤྱི་ལེ9.8ཀྱི་མྱུར་ཚད་ལྟར་ནུས་པ་འདོན་བཞིན་ཡོད་ལ། སྤྱིའི་རིང་ཚད་སྤྱི་ལེ་ཁྲི5ལས་བརྒལ་ཡོད་ཅིང་། གོ་ལའི་ཐིག་དམར་ལ་སྐོར་བ་གཅིག་རྒྱབ་ཆོག རང་རྒྱལ་གྱིས་འཛམ་གླིང་ཐོག་གཞི་ཁྱོན་ཆེ་ཞིང་རྙོག་འཛིང་ཆེ་བའི་གློག་སྐྱེལ་དང་གློག་སྒྱུར་ལས་གཞི་བསྐྲུན་ཏེ། ལོ་རེར་སྟོང་ཝ་བྱེ་བ་བརྒྱད་གསར་དུ་འཕར་སྣོན་བྱུང་བའི་གློག་སྤྱོད་ཀྱི་དགོས་མཁོ་འགན་སྲུང་བྱས་པ་དང་། རླུང་འོད་ཆུ་གསུམ་སོགས་ནུས་ཁུངས་གཙང་མའི་ས་ཁོངས་བརྒལ་ནས་བཀོད་སྒྲིག་བྱེད་ནུས་ཇེ་ཆེར་བཏང་། འཛམ་གླིང་དུ་གཞི་ཁྱོན་ཆེ་བའི་ནུས་ཁུངས་གསར་པ་འབྲེལ་མཐུད་བྱེད་པའི་འཛམ་གླིང་རིམ་པའི་དཀའ་གནད་འདི་སྔོན་ལ་ཐག་གཅོད་བྱས་ཏེ། ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་ལྗང་མདོག་གི་རྣམ་པར་སྒྱུར་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།
ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་འགོ་གཙོ་གཞོན་པ་དབྱང་ཁུན་གྱིས་བཤད་རྒྱུར། “ལོ་ལྔའི་འཆར་བཅུ་བཞི་པའི་”སྔོན་དུ། རང་རྒྱལ་གྱི་དམིགས་བསལ་མཐོ་གནོན་ནི་མེ་ཤུགས་དང་ཆུ་ཤུགས་ཀྱི་གློག་འདོན་གཙོ་བོར་བྱས་ཏེ་གློག་ཤུགས་མཁོ་འདོན་འགན་ལེན་གྱི་ནུས་པ་འདོན་སྤེལ་བྱས་ཡོད། ད་ལྟ་དམིགས་བསལ་མཐོ་གནོན་གྱི་ནུས་པ་དེས་ནུས་ཁུངས་གཙང་མའི་གློག་འདོན་གཙོ་བོར་བསྒྱུར་ནས་ནུས་ཁུངས་གཙང་མའི་ཐཱན་ཉུང་དང་བདེ་འཇགས་ཚོད་འཛིན་སོགས་ཁྱད་ཆོས་སུ་བྱས་པའི་གློག་ཤུགས་མ་ལག་གསར་པ་འཛུགས་རྒྱུར་ཐབས་ལམ་གལ་ཆེན་མཁོ་འདོན་བྱས་ཡོད།
“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”གྲོས་གཞི་ལས། ནུས་ཁུངས་རྒྱུ་ལམ་གཙོ་བོའི་བཀོད་པ་ཇེ་ལེགས་སུ་བཏང་ནས། ནུས་ཁུངས་གསར་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས་པ་བཏོན་ཡོད། ཀྲུང་གོས“ནུབ་གློག་ཤར་སྐྱེལ་དང་། བྱང་གློག་ལྷོ་འདོན། ཆུ་མེ་ཕན་ཚུན་རོགས་སྐྱོར། རླུང་འོད་གསབ་རེས”བཅས་ཀྱི་ནུས་ཁུངས་རྣམ་པ་གསར་པ་མགྱོགས་མྱུར་སྒོས་སྐྲུན་ཏེ། ཀྲུང་གོའི་དེང་རབས་ཅན་གྱི་འཛུགས་སྐྲུན་ལ་འཛད་མཐའ་མེད་པའི་སྒུལ་ཤུགས་བསྣོན་རྒྱུ་རེད།