
ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་། ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་དེ། མཉམ་ལས་གཉིས་ཕན་གྱི་རྣམ་པ་གསར་པ་གཏོད་དགོས་པ་བཏོན། ཅང་སུའུ་དང་ཧུའུ་པེ་ཡི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་དང་། ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་བརླིང་ངང་རྒྱ་ཆེར་བཏང་སྟེ། བཅོས་སྒྱུར་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།
ཉིན་འདི་དག་གི་རིང་། ཅང་སུའུ་ནན་ཅིང་གི་འཕྲིན་གཏོང་ཡོ་བྱད་ཐོན་སྐྱེད་ཁེ་ལས་འདིས་ཧ་སག་སི་ཐན་ཕྱོགས་སུ་སྡེབ་ཚོང་བྱེད་པའི་གློག་སྐུད་ལས་བཞིན་ཡོད། ཁེ་ལས་ཀྱིས་ལས་སྒོ་ཡ་གླིང་དབུས་མའི་ཁྲོམ་རར་ཐོག་མར་རྒྱ་བསྐྱེད་པ་དེ། ད་ལོའི་ཟླ6པར་ནན་ཅིང་དུ་བཙུགས་པའི་ཀྲུང་གོ་དང་ཡ་གླིང་དབུས་མའི་ཉོ་འཚོང་ཤར་གཏོང་མཉམ་ལས་ལས་སྟེགས་ལས་ཐོབ་པ་ཡིན། ད་ལྟ། ལས་སྟེགས་དེས་ཅང་སུའུ་དང་རྒྱལ་ཡོངས་ཀྱི་ཁེ་ལས་དྲུག་བརྒྱར་ཉེ་བར་རོགས་རམ་བྱས་ཏེ་ལས་སྒོའི་ངོ་འཕྲད་གྲོས་མོལ་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཏོད།
ཀྲུང་གོ་དང་ཡ་གླིང་དབུས་མའི་ཉོ་འཚོང་ཤར་གཏོང་མཉམ་ལས་ལས་སྟེགས་ལམ་སྲོལ་བྱ་བའི་ཚན་ཆུང་གི་ཁོངས་མི་ཝུའུ་ཆུང་ཡུས་ཡིས་བཤད་རྒྱུར། ང་ཚོས་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དངོས་འབེབས་དང་། ཕྱོགས་གཉིས་ཀྱི་དངུལ་གཏོང་གཏིང་ཟབ་ཏུ་བཏང་ནས། ཡ་གླིང་དབུས་མའི་རྒྱལ་ཁབ་བར་གྱི་མི་གཞུང་བརྗེ་རེས་དང་། ཐོན་སྐྱེད་། སློབ་གསོ་བཅས་མཉམ་འདྲེས་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་སྟེ། ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་འཚོང་མཉམ་ལས་ལ་མཐུན་རྐྱེན་ལེགས་པོ་བསྐྲུན་པ་དང་གསོན་ཤུགས་སྦྱིན་རྒྱུ་ཡིན།
གསོན་ཤུགས་སྔར་བས་ཆེ་བའི་སྒོ་འབྱེད་ཅན་གྱི་དཔལ་འབྱོར་མ་ལག་གྲུབ་པར་གང་མགྱོགས་སྒོས་སྐུལ་འདེད་བཏང་། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་རིང་། ཅང་སུའུ་ཡིས་ཡ་གླིང་དབུས་མ་དང་། ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ། ལ་ཏིང་མེ་གླིང་སོགས་ཀྱི་གསར་དར་ཁྲོམ་ར་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་བ་དང་། རྒྱལ་སྤྱིའི་ཁྲོམ་རའི་བཀོད་པ་སྔར་ལས་སྣ་མང་ཅན་དུ་གྱུར་ཞིང་། ཕྱིར་གཏོང་ཚོང་ཟོག་གི་གསར་རྐྱང་གི་ཚད་དང་དག་གཙང་གི་ཚད་བསྟུད་མར་འཕར་ལ། 2021ལོ་ནས2024ལོའི་བར་ཞིང་ཆེན་ཡོངས་ཀྱི་དངོས་ཟོག་ཉོ་འཚོང་གི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་རིམ་རྩིས་བྱས་ན་མ་དངུལ་སྒོར་རབ་བཀྲམ་གཉིས་དང་ཁྲག་ཆེན་གཅིག་ཁྲག་ཁྲིག་བཞི་ཐེར་ཆེན་ལྔ་མངོན་འགྱུར་བྱུང་སྟེ། ལོ་རེར་ཆ་སྙོམས་ཀྱི་འཕར་ཚད་བརྒྱ་ཆའི་དྲུག་ལ་སླེབས།
ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། ཅང་སུའུ་ཡིས་ཐོན་ལས་མ་ལག་སྔར་ལས་འཐུས་ཚང་དང་ཚོང་གཉེར་ཁོར་ཡུག་སྔར་ལས་ལེགས་པ་སོགས་ཀྱི་དགེ་མཚན་ལ་བརྟེན་ནས། རང་བདག་སྒོ་འབྱེད་ཧུར་ཐག་གིས་རྒྱ་བསྐྱེད་བཏང་།
ཅང་སུའུ་ཞིང་ཆེན་ཚོང་དོན་ཐིན་ཕྱི་ཕྱོགས་ཉོ་འཚོང་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཡིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལམ་ལུགས་རྣམ་པའི་སྒོ་འབྱེད་བརྟན་རླིང་ངང་རྒྱ་ཆེར་གཏོང་བ་དང་། སྤུས་ཚད་མཐོ་བའི་སྒོ་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱེད་དགོས་པ་བསྟན། “ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”སྐབས་སུ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ཏེ། ཉོ་འཚོང་གསར་གཏོད་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་དགོས་ལ། གཙོ་གཞི་གསར་པ་ནང་འདྲེན་སྐྱེད་སྲིང་དང་། ཁྲོམ་ར་གསར་བ་རྒྱ་བསྐྱེད། དཔེ་དབྱིབས་གསར་པ་གོང་སྤེལ། བགྲོད་ལམ་གསར་པ་འཚོལ་ཞིབ་དང་ཐོན་རྫས་གསར་པ་གསར་སྤེལ་སོགས་ཕྱོགས་ལྔ་ལ་གཞིགས་ཏེ། ཕྱི་ཕྱོགས་ཉོ་ཚོང་གི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་དགོས།
ད་ལྟ་ནི་རྒྱལ་མཚམས་བརྒལ་བའི་གློལ་རྡུལ་ཚོང་དོན་གྱི་ལོ་གཅིག་རིང་གི“ཚོང་ཧ་ཅང་བྲིན་པའི་དུས་ཚིགས”ཡིན། ཝུའུ་ཧན་འབྲི་ཆུའི་རྒྱལ་སྤྱིའི་ཉོ་འཚོང་གི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་གི་ཁང་བརྩེགས་ཆེན་མོའི་ནང་དུ་བྲེལ་འཚུབ་ཀྱི་རྣམ་པས་ཁེངས་ཤིང་། འདི་རུ་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་གྱི་འབྲེལ་ཡོད་ཁེ་ལས128འདུས་ཡོད་ལ། ལས་སྟེགས་དང་ཚོང་པ། ཟོག་འགྲེམས། སྒོ་ཁྲལ་གནས་ཞུ་སོགས་ཕྲེང་འབྲེལ་ཧྲིལ་བོ་དང་འབྲེལ་ཡོད། ཁེ་ལས་ཀྱིས་ཕྱིར་འཚོང་ཁྲོད་འཕྲད་པའི་གནད་དོན་ཚང་མ་དེ་གར“གཅིག་འཐུས་རྣམ་པས”ཐག་གཅོད་བྱེད་ཐུབ། ད་ལྟ། ཧུའུ་པེ་རུ་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་྇྇འདི་ལྟ་བུ་ཉེར་བདུན་ཡོད་པ་དེ་ཕྱི་ཕྱོགས་ཉོ་འཚོང་འཕར་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་ལས། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་པ་དང་རྣམ་པ་གསར་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་འདིས་ཚང་མ་མ་འོངས་པའི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་པར་བྱས་ཡོད་ཞེས་བསྟན།
ཧུའུ་པེ་ཝུའུ་ཧན་འབྲི་ཆུའི་རྒྱལ་སྤྱིའི་ཉོ་འཚོང་གི་རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་ཐོན་ལས་གླིང་གི་འགན་ཁུར་བ་ཞུས་ཧུའེ་ཡིས་བཤད་རྒྱུར། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་ང་ཚོའི་རྗེས་མའི་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ང་ཚོས་ཚོང་རྟགས་གྲགས་ཅན་དང་ལག་རྩལ། ཞབས་ཞུ་དང་དོ་དམ་གསར་གཏོད་བྱས་པར་བརྟེན་ནས། ཐོན་རྫས་ཀྱི་འཕར་ཐང་མཐོ་རུ་གཏོང་བ་དང་། ཕྱི་ཕྱོགས་ཉོ་འཚོང་དེ“ཆེ་འདྲེན་ཆེ་གཏོང”ནས“ལེགས་འདྲེན་ལེགས་གཏོང”དུ་འགྱུར་བར་སྐུལ་འདེད་བཏང་ཡོད་ལ། མ་འོངས་པར་ལས་རིགས་ལ་ཐོད་བརྒལ་རྣམ་པའི་འཕེལ་རྒྱས་ཡོང་བར་ཡིད་ཆེས་ཀྱིས་ཁེངས་ཡོད།
སྒོ་འབྱེད་ཀྱི་དགེ་མཚན་གསར་པ་ཟམ་མི་ཆད་པར་རྒྱ་སྐྱེད་བཏང་། ཧུའུ་པེ་ཡིས་སྔ་རྗེས་སུ་འགག་སྒྲོལ་སྟབས་བདེ་ཅན་གྱི་བཅོས་སྒྱུར་རབ་དང་རིམ་པ་བཏོན་ཏེ། གློག་རྡུལ་ཚོང་དོན་ཁེ་ལས་འབོར་ཆེན་རྐང་ཚུགས་པར་བཀུགས། ཡ་གླིང་གི་ཆེད་ལས་ཟོག་འདྲེན་ལྟེ་གནས་གནམ་ཐང་དང་པོ་སྟེ་ཧྭ་ཧུའུ་རྒྱལ་སྤྱིའི་གནམ་ཐང་བསྐྲུན་ལ། ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་འཛམ་གླིང་གི་རྒྱལ་ཁབ་དང་ས་ཁུལ་བརྒྱ་དང་བདུན་ཅུ་ལྷག་ལ་ཁྱབ་པ་དང་། སྒོ་འབྱེད་རྣམ་པའི་དཔལ་འབྱོར་གྱི་གསོན་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན།
རིམ་པ་རྗེས་མར་ཧུའུ་པེ་ཡིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་གྲངས་འཛིན་ཚོང་དོན་གྱི་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་རེད།
ཧུའུ་པེ་ཞིང་ཆེན་ཚོང་དོན་ཐིན་གྱི་ཐིན་ཀྲང་གཞོན་པ་ཧུའུ་ཏུང་གིས་བཤད་རྒྱུར། ལོ་ལྔའི་འཆར་འགོད་བཅོ་ལྔ་པར་རྒྱང་ལྟ་བྱས་ན། ང་ཚོས“གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ལེགས་པར་སྒྲུབ་དགོས་ལ། ཚང་འཛོམས་གྲོས་ཚོགས་ལས་བཏོན་པའི་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་ལ་རྩེ་གཅིག་ཏུ་དམ་པོར་གཞིགས་ཏེ། རྒྱལ་མཚམས་བརྒལ་བའི་གློག་རྡུལ་ཚོང་དོན་སོགས་ལས་རྣམ་གསར་པ་དང་དཔེ་དབྱིབས་གསར་པའི་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ། གྲངས་འཛིན་ཉོ་འཚོང་སོགས་མཉམ་ལས་འཕེལ་རྒྱས་ཀྱི་བར་སྟོང་གསར་པ་རྒྱ་ཆེར་གཏོང་བ་དང་། སྐམ་སའི་དབུས་ཁུལ་གྱི་སྒོ་འབྱེད་མཐོ་ས་བསྐྲུན་དགོས།