ཚེས་ཉེར་ལྔ་ཉིན་བསྒྲགས་པ་ལྟར་ན། ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཝུན་ཧྲན་ཅོན་གྱིས་ཚེས་ཉེར་བཞིའི་ཉིན་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཧན་གོའི་སྲིད་གཞུང་གིས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་དུས་ལྟར་བཀོད་སྒྲིག་བྱེད་པར་བརྩོན་ལེན་བྱེད་རྒྱུ་ཡིན་ཟེར། རྒྱུས་ལོན་བྱུང་བ་ལྟར་ན། ཧན་གོ་དང་ཨ་མེ་རི་ཁས་ད་ལོར་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་གི་བཀོད་སྒྲིག་བྱ་བ་མཇུག་སྒྲིལ་རྒྱུ་ཡིན་པ་དང་། བྱེ་བྲག་ཏུ་ཟླ་དྲུག་པ་ནས་ཟླ་བརྒྱད་པའི་བར་ཡིན་ངེས་རེད།
ཧན་གོའི་རྒྱལ་སྲུང་པུའུ་ཡི་མགྲིན་ཚབ་པ་ཝུན་ཧྲང་ཅོན་གྱིས་བསྟན་དོན། གང་མགྱོགས་སྒོས་རྒྱལ་སྲུང་པུའུ་དང་ལི་ཐེན་སྡེ་ཚོགས་བར་སཱ་ཏི་བཀོད་སྒྲིག་བྱེད་སའི་ས་གནས་བརྗེ་སྤོར་བྱེད་པའི་གན་རྒྱ་འཇོག་པར་བརྩོན་ལེན་བྱས་ཏེ། སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་དུས་ལྟར་བཀོད་སྒྲིག་བྱེད་པར་བརྩོན་རྒྱུ་ཡིན་ཟེར།
གཞན་ཡང་བསྒྲགས་པ་ལྟར་ན། ལི་ཐེན་སྡེ་ཚོགས་ཀྱིས་གཟའ་འཁོར་རྗེས་མར་ཏུང་ཧྲི་ཚོགས་པའི་གྲོས་ཚོགས་བསྡུས་ཏེ། ཞིན་ཀྲིག་ཀའོ་ཨར་ཧྥུའུ་སྤོ་ལོ་ར་བ་རྒྱལ་སྲུང་པུའུ་ལ་བརྒྱུད་སྤྲོད་བྱས་ནས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པའི་གྲོས་ཆོད་ལ་བརྡས་ཐག་གཅོད་རྒྱུ་རེད། གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་རྗེས། རྒྱལ་སྲུང་པུའུ་དང་ལི་ཐེན་སྡེ་ཚོགས་ཀྱིས་ས་གནས་བརྗེ་སྤོར་གྱི་འབྲེལ་ཡོད་གན་རྒྱ་འགོད་རྒྱུ་རེད་ཟེར། དབྱེ་ཞིབ་མི་སྣས་བལྟས་ན། ལི་ཐེན་ནང་ཁུལ་དུ་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པའི་ས་གནས་འདོན་སྤྲོད་བྱེད་མིན་ཐད་འགལ་བ་གནས་ཡོད་པར་འདོད།
ལི་ཐེན་ཕྱོགས་ཀྱི་མི་སྣས་དོན་དེར་འགྲེལ་བཤད་བྱས་དོན། དོན་དེ་ཧ་ཅང་གལ་འགངས་ཆེ་བ་དང་། ལི་ཐེན་གྱིས་ཞིན་ཀྲིག་ཀའོ་ཨར་ཧྥུའུ་སྤོ་ལོ་ར་བ་ས་གནས་བརྗེ་སྤོར་བྱས་པ་ལས་ཐོབ་པའི་རིན་ཐང་དང་ཚོང་ལས་རང་བཞིན་སོགས་ལ་ཞིབ་འཇུག་བྱེད་རྒྱུ་ཡིན་ལ། གྲོས་ཚོགས་རྗེས་སུ་སྣུར་བ་ནི་བསམ་བཞིན་དུ་དུས་ཚོད་འགོར་འགྱངས་བྱས་པའམ་ཡང་ན་ཐེ་ཚོམ་སྐྱེས་པ་མིན་ཟེར།