དབྱི་རག་གིས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇབ་རྒོལ་གྱི་ལྐོག་གཡོ་ཕམ་པར་བརྒྱབ།
2017.07.31 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

 དབྱི་རག་གི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་སུམ་ཅུ་ཉིན་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་གི་གསང་འཕྲིན་སྡེ་ཁག་གིས་ཉེ་སྔོན་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་རྒྱལ་ཁབ་དེའི་ཧྲི་ཡེ་ཕྱོགས་ཁག་གི་ཆེས་མཐོའི་ཆོས་ལུགས་གཙོ་འཛིན་གྱི་སྡོད་ཁང་སོགས་དམིགས་འབེན་གལ་ཆེན་ལ་འཇབ་རྒོལ་བྱེད་པའི་ལྐོག་གཡོ་ཕམ་པ་བརྒྱབ་ཟེར།

དབྱི་རག་གསང་འཕྲིན་སྡེ་ཁག་གི་འགན་ཁུར་བ་ཨ་པུའུ་ཨ་ལེ་པ་སི་ལེ་ཡིས་བཤད་པ་ལྟར་ན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇབ་རྒོལ་གྱི་དམིགས་འབེན་ནང་དུ་ཧྲི་ཡེ་ཕྱོགས་ཁག་གི་ཆེས་མཐོའི་ཆོས་ལུགས་གཙོ་འཛིན་ཨ་ཡ་ཐུའུ་ལ་ཨ་ལེ་ཧུ་སའེ་དབྱིན་ཞི་སི་ཐ་ཉི་ཡི་གྲོང་ཁྱེར་ནཱ་ཅེ་ཧྥུའུ་ན་ཡོད་པའི་སྡོད་ཁང་དང་། ད་དུང་ཁ་ཨར་པ་ལཱ་ཞིང་ཆེན་དང་ན་ཅི་ཧྥུའུ་ཞིང་ཆེན། སཱ་མད་ལ་ཞིང་ཆེན་བཅས་ཞིང་ཆེན་གསུམ་གྱི་ཧྲི་ཡེ་ཕྱོགས་ཁག་གི་ཆོས་ཁང་སོགས་འདུ་ཟེར། ས་ཁུལ་དེ་གསུམ་ནི་དབྱི་རག་ཧྲི་ཡེ་ཕྱོགས་ཁག་གི་གནས་མཆོག་ཡིན་ལ། ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱི་ཆོས་ཁང་གྲགས་ཅན་མང་པོ་དང་དབྱི་མཱ་མུའུ་བང་སོ་ཡང་ས་ཆ་དེ་གསུམ་ན་ཡོད།

པ་སི་ལེ་ཡིས་བཤད་རྒྱུར། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་ཕྱི་ཕྱོགས་ནས་བཀོད་འདོམས་བྱས་ཏེ། རླངས་འཁོར་འགས་གཏོར་དང་རང་སྲོག་གཅོད་པའི་ཚུལ་གྱི་འཇབ་རྒོལ་བྱེད་རྩིས་བྱས་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་རག་གི་ཙུང་ལི་ཨ་པ་ཏེ་ལ་གསང་འཕྲིན་དེ་འབྱོར་རྗེས། ཁོས་མྱུར་དུ་དབྱི་རག་དང་སི་རི་ཡའི་མཐའ་མཚམས་ས་ཁུལ་གྱི་འཇིགས་སྐུལ་བ་བསྐུངས་སར་བར་སྣང་ནས་འཇབ་རྒོལ་བྱེད་པར་ཆོག་མཆན་བཀོད་པ་དང་། བར་སྣང་འཇབ་རྒོལ་ལས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇིགས་སྐུལ་མི་སྣ་བཅུ་ཕྲག་འགའ་བསད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་འཇབ་རྒོལ་གྱི་ལྐོག་གཡོ་དེའི་དམིགས་ཡུལ་ནི་གྲུབ་མཐའི་བར་དུ་འགལ་བ་སློང་རྒྱུ་དེ་ཡིན་ལ། གལ་ཏེ་ལྐོག་གཡོ་ལེགས་འགྲུབ་བྱུང་ཚེ། དབྱི་རག་གི་ཧྲི་ཡེ་ཕྱོགས་ཁག་དང་ཞུང་ཉི་ཕྱོགས་ཁག་བར་དུ་ཛ་དྲག་ཆེ་བའི་འཁྲུག་རྩོད་བྱུང་ནས། རྒྱལ་ཁབ་དེ་རུ་དྲག་ཤུགས་ཁྲག་བཞུར་དོན་རྐྱེན་འབྱུང་ངེས་ཟེར།