ཧྥེ་ལེ་པེན་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པས་སྡོང་གཅོད་བཟོ་བ་བདུན་དམར་གསོད་བཏང་།
2017.08.01 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

ཧྥེ་ལེ་པེན་ཉེན་རྟོག་ཕྱོགས་ཀྱིས་ཟླ་བདུན་པའི་ཚེས་སོ་གཅིག་ཉིན་བཤད་རྒྱུར། མིག་སྔར་ཧྥེ་ལེ་པེན་ལྷོ་ཕྱོགས་ཀྱི་པཱ་ཞི་ལན་གླིང་ཕྲན་དུ་སྡོང་གཅོད་བཟོ་བ་བདུན་གྱི་བེམ་པོ་རྙེད་པ་དང་། ཁོ་ཚོ་ནི་དེའི་སྔོན་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་དྲག་ཆས་པས་བཙན་ཁྲིད་བྱས་པ་རེད།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། མི་བདུན་པོ་དེ་ཟླ་བདུན་པའི་ཚེས་ཉི་ཤུའི་ཉིན་པཱ་ཞི་ལན་གླིང་ཕྲན་གྱི་སྡེ་བ་གཉིས་ནས་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་དྲག་ཆས་པས་བཙན་ཁྲིད་བྱས་པ་ཡིན་ལ། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ཟླ་བདུན་པའི་ཚེས་ཉེར་དགུའི་ཉིན་ཕ་བུ་གཉིས་ཀྱི་བེམ་པོ་རྙེད་པ་དང་། དེའི་ཕྱི་ཉིན་བེམ་པོ་གཞན་པ་ལྔ་རྙེད་པ་རེད།

ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་དྲག་ཆས་པ་དེ་དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་བར་བཙུགས་པ་ཡིན་ཞིང་། གཙོ་བོ་ཧྥེ་ལེ་པེན་ལྷོ་ཕྱོགས་ས་ཁུལ་དུ་འགུལ་སྐྱོད་བྱེད་བཞིན་ཡོད་ལ། འཇབ་རྒོལ་དང་བཙན་ཁྲིད་ཀྱི་བྱ་འགུལ་རབ་དང་རིམ་པར་ཞུགས་བཞིན་ཡོད། ཧྥེ་ལེ་པེན་དམག་ཕྱོགས་ཀྱིས་བསྟན་དོན། རྩ་འཛུགས་དེས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ལ་བློ་གཏད་ཡོད་ཟེར།

ད་ལོའི་ཟླ་ལྔ་བའི་ཚེས་ཉེར་གསུམ་ཉིན། ཧྥེ་ལེ་པེན་སྲིད་གཞུང་དམག་དཔུང་གིས་ལྷོ་ཕྱོགས་ཀྱི་མཱ་ལཱ་ཝེ་གྲོང་ཁྱེར་ནས་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པ་མུའུ་ཐི་རྩ་འཛུགས་དང་ཨ་པུའུ་ཧྲ་ཡེ་ཧྥུའུ་ཞེས་པའི་དྲག་ཆས་པའི་མི་སྣའི་བར་འཁྲུག་རྩོད་བྱས། ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་ལྷོ་ཕྱོགས་ཀྱི་མེན་ལན་གླིང་ཕྲན་དང་ཉེ་འདབས་ཀྱི་གླིང་ཕྲན་ལ་བཀག་སྡོམ་ནན་མོ་བྱེད་རྒྱུ་ཁྱབ་སྒྲོག་བྱས། ཏུའུ་ཐི་ཨར་ཐི་ཡིས་བསྟན་དོན། བྱ་སྤྱོད་དེ་ལ་བརྟེན་ནས་ལྷོ་ཕྱོགས་ས་ཁུལ་གྱི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་དྲག་ཆས་པའི་གནད་དོན་ཡོད་ཚད་ཐག་གཅོད་བྱེད་རྒྱུ་ཡིན་ཟེར།