ཐུར་ཁེའི་ཁྲིམས་ཁང་གིས་སྲིད་འགྱུར་ལེགས་འགྲུབ་མ་བྱུང་བའི་དོགས་ཡོད་ཉེས་ཅན་བཞི་བརྒྱར་འདྲི་གཅོད་བྱས།
2017.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

ཐུར་ཁེའི་ཨན་ཁཱ་ལཱའི་ས་གནས་ཁྲིམས་ཁང་ཞིག་གིས་ཟླ་བརྒྱད་པའི་ཚེས་གཅིག་ཉིན། ཉིས་སྟོང་བཅུ་དྲུག་ལོའི་ཟླ་བདུན་པའི་དམག་དོན་སྲིད་འགྱུར་ལ་ཞུགས་པའི་དོགས་ཡོད་ཉེས་ཅན་བཞི་བརྒྱ་དང་གྱ་དྲུག་ལ་འདྲི་གཅོད་བྱས།

བསྒྲགས་པ་ལྟར་ན། ཐེངས་འདིར་འདྲི་གཅོད་བྱས་པའི་དོགས་ཡོད་ཉེས་ཅན་གཙོ་བོ་ནི་སྔོན་ཆད་ཀྱི་མཁའ་དམག་གི་མཐོ་རིམ་དམག་དཔོན་དང་དམག་མི་ཡིན་པ་རེད། ཁོ་ཚོས་སྲིད་འགྱུར་སྐབས་སུ་ཨན་ཁཱ་ལཱའི་ཉེ་འདབས་ཀྱི་ཨ་ཁུན་ཀྲི་མཁའ་དམག་རྟེན་གཞི་འཕྲོག་ལེན་བྱས་ཏེ་སྲིད་འགྱུར་གྱི་གནས་སྐབས་བཀོད་འདོམ་པུའུ་རུ་བྱས་པ་དང་། གནས་དེར་ཐུར་ཁེའི་དམག་དཔུང་གི་སྤྱིའི་ཇུས་འདོན་པ་ཨ་ཁཱ་ཨར་བཀག་འཇུག་བྱས་པར་མ་ཟད། འཐབ་འཛིང་གནམ་གྲུ་བཀོལ་ནས་ཨན་ཁཱ་ལཱ་གྲོང་ཁྱེར་གྱི་གྲོས་ཁང་ཐོག་ཁང་ཆེན་མོ་སོགས་ལས་ཁུངས་ལ་འགས་གཏོར་བཏང་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། སྲིད་འགྱུར་ལེགས་འགྲུབ་མ་བྱུང་བའི་ཚུན་ལ་འདྲི་གཅོད་ཐེབས་པའི་མི་སྣའི་ཐོབ་ཐང་གི་རིམ་པ་ཆེས་མཐོ་བ་དང་། གཞི་རྒྱ་ཆེས་ཆེ་བའི་འདྲི་གཅོད་ཐེངས་ཤིག་ཡིན་ལ། དུས་ཡུན་ཟླ་ངོ་གཅིག་ཡན་འགོར་བ་རེད། འདྲི་གཅོད་ཐེབས་པའི་མི་སྣའི་མིང་ཐོའི་སྟེང་གི་མི་བཞི་བརྒྱ་དང་གྱ་དྲུག་ཁྲོད་མི་བདུན་བྲོས་བྱོལ་བྱེད་བཞིན་ཡོད་ལ། དེའི་ནང་སྲིད་འགྱུར་སློང་མཁན་གཙོ་བོ་ཆོས་ལུགས་མི་སྣ་ཅུའུ་ལོན་ཡང་ཡོད་པ་རེད།

སྲིད་འགྱུར་ལེགས་འགྲུབ་མ་བྱུང་བའི་རྗེས་སུ། ཐུར་ཁེའི་རྒྱལ་ཡོངས་སུ་གཞི་རྒྱ་ཆེ་བའི་གཙང་ཕྱགས་འགུལ་སྐྱོད་སྤེལ་ཏེ། མི་ཁྲི་ལྔ་ལྷག་འཛིན་བཟུང་བྱས་པ་དང་། མི་འབུམ་གཅིག་དང་ཁྲི་གཅིག་ལྷག་གཞུང་ཞབས་པའི་ལས་གནས་ལས་ཕྱིར་ཕུད། མི་དེ་དག་མང་ཆེ་བ་ནི་ཉེན་རྟོག་དམག་དཔུང་དང་ཁྲིམས་འཛིན། གསང་འཕྲིན། སྲིད་གཞུང་སྡེ་ཁག སློབ་གྲྭ་བཅས་ཀྱི་མི་ཡིན་པ་རེད། མིག་སྔར་སྲིད་འགྱུར་ལེགས་འགྲུབ་མ་བྱུང་བར་འབྲེལ་བའི་རྟོག་ཞིབ་དང་གཙང་ཕྱགས་འགུལ་སྐྱོད་མུ་མཐུད་དུ་སྤེལ་བཞིན་ཡོད།