ཟླ་བདུན་པར་དབྱི་རག་གི་མི་སེར་དཀྱུས་མ་ཉིས་བརྒྱ་དང་སོ་དགུ་དྲག་ཤུགས་འཁྲུག་རྩོད་ལས་རྐྱེན་ལམ་དུ་ཤོར།
2017.08.02 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 4

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པས་ཟླ་བརྒྱད་པའི་ཚེས་གཅིག་ཉིན་བཤད་རྒྱུར། ད་ལོའི་ཟླ་བདུན་པར་དབྱི་རག་རྒྱལ་ཡོངས་སུ་བསྡོམས་པས་མི་སེར་དཀྱུས་མ་ཉིས་བརྒྱ་དང་སོ་དགུ་འཇིགས་སྐུལ་བྱ་འགུལ་དང་། དྲག་ཤུགས་དོན་རྐྱེན། དྲག་ཆས་འཁྲུག་རྩོད་བཅས་ཀྱི་ཁྲོད་རྐྱེན་ལམ་དུ་ཤོར་ཡོད་ལ། གཞན་ཡང་མི་ཉིས་བརྒྱ་དང་དོན་གསུམ་ལ་རྨས་ཕོག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དབྱི་རག་རོགས་སྐྱོར་ཚོགས་པས་ཉིན་དེར་གསལ་སྒྲོག་ཅིག་ལས་བཤད་རྒྱུར། མི་སེར་དཀྱུས་མ་དེ་དག་མང་ཆེ་བ་ནི་དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་དུ་རྐྱེན་ལམ་དུ་ཤོར་བ་ཡིན་ལ། སྲིད་གཞུང་དམག་དཔུང་དང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་པའི་ཞིང་ཆེན་དེའི་ལྟེ་གནས་གྲོང་ཁྱེར་མའོ་སུའུ་ཨར་གྱི་འཐབ་འཁྲུག་ལས་མི་སེར་དཀྱུས་མ་བརྒྱ་དང་ཉེར་གཅིག་རྐྱེན་ལམ་དུ་ཤོར་བ་དང་། མི་བརྒྱ་དང་བཅུ་གཅིག་ལ་རྨས་ཕོག་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོའི་དབྱི་རག་གནད་དོན་གྱི་དམིགས་བསལ་འཐུས་མི་ཁུའུ་པུས་ཧྲི་ཡིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇིགས་སྐུལ་བྱ་འགུལ་ལས་དབྱི་རག་གི་མི་སེར་དཀྱུས་མར་གནོད་འཚེ་ཆེན་པོ་བཟོས་པར་སྐྱོན་འཛུགས་བྱས་པ་དང་། ཁོས་ཞོར་དུ་དབྱི་རག་དམག་དཔུང་གིས་མ་འོངས་པར་བཅིངས་འགྲོལ་བྱེད་རྒྱུ་ཡིན་པའི་ས་ཁུལ་གཞན་པའི་དམག་དོན་འགུལ་སྐྱོད་ཁྲོད་མུ་མཐུད་དུ་མི་སེར་དཀྱུས་མར་སྲུང་སྐྱོབ་བྱེད་དགོས་པའི་འབོད་སྐུལ་བཏང་།

ཟླ་བདུན་པའི་ཚེས་བཅུའི་ཉིན། མའོ་སུའུ་ཨར་ལ་བཅིངས་འགྲོལ་ཐོབ་ཡོད་ཀྱང་། དབྱི་རག་བྱང་ཕྱོགས་ཀྱི་ནེ་ནེ་ཝེ་ཞིང་ཆེན་དང་ཅི་ཨར་ཁུའུ་ཁི་ཞིང་ཆེན། སཱ་ལཱ་ཧི་ཏེན་ཞིང་ཆེན། དེ་མིན་དབྱི་རག་དང་སི་རི་ཡཱའི་མཐའ་མཚམས་ས་ཁུལ་བཅས་སུ་སྔར་བཞིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱིས་ཚོད་འཛིན་བྱེད་པའི་མཁར་གྲོང་རེ་འགའ་ཡོད་པ་རེད།