ཁེན་ཉི་ཡ་ནས་དྲག་ཆས་མི་སྣས་ཉེན་རྟོག་པར་འཇབ་རྒོལ་བྱས་པའི་དོན་རྐྱེན་བྱུང་ནས་ཉེན་རྟོག་གཅིག་རྐྱེན་ལམ་དུ་ཤོར།
2017.08.03 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 2

 ཁེན་ཉི་ཡའི་ཉེན་རྟོག་ཕྱོགས་ཀྱིས་ཚེས་གསུམ་ཉིན་བསྒྲགས་པ་ལྟར་ན། དྲག་ཆས་མི་སྣ་སྐོར་ཞིག་གིས་ཉིན་དེར་ཁེན་ཉི་ཡའི་བྱང་ཕྱོགས་ཀྱི་སོ་མཱ་ལི་རྒྱལ་ཁབ་དང་འབྲེལ་བའི་མན་ཏི་ལཱ་ས་ཆའི་ཉེན་རྟོག་པའི་སྡོད་གནས་གཉིས་ལ་འཇབ་རྒོལ་བྱས་ཏེ། ཉེན་རྟོག་པ་གཅིག་བསད་པ་དང་།མི་འགའ་རྨས་ཟེར།

ས་དེའི་ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དྲག་ཆས་མི་སྣ་ལྔ་བཅུ་ཙམ་གྱིས་ཉིན་དེའི་ཞོགས་པར་ས་ཆ་དེའི་ཉེན་རྟོག་ཁང་ཞིག་དང་ཉེན་རྟོག་པའི་སྡོད་གནས་ཤིག་ལ་འཇབ་རྒོལ་བྱས། ཉེན་རྟོག་པ་ཤི་རྨས་བཟོས་པ་ལས་གཞན། དྲག་ཆས་མི་སྣས་ད་དུང་ཉེན་རྟོག་རླངས་འཁོར་གཉིས་མེར་བསྲེགས་པ་མ་ཟད། རླངས་འཁོར་གཅིག་འཕྲོག་ནས་བསྐོར་ཏེ་ས་གཞན་ལ་བྲོས་ཟེར།

ཁེན་ཉི་ཡ་ཤར་བྱང་ས་ཁུལ་གྱི་མཐུན་སྦྱོར་དཔོན་པོ་མཱ་ཧ་མའོ་ཏི་སཱ་ལེ་ཧི་ཡིས་བཤད་རྒྱུར། དྲག་ཆས་མི་སྣ་འགའ་འཐབ་འཁྲུག་ཁྲོད་ནས་ཉེན་རྟོག་ཕྱོགས་ཀྱིས་བསད་པ་དང་།དྲག་ཆས་མི་སྣ་གཞན་པ་རྣམས་སྟབས་ལེགས་ནས་བྲོས་ཏེ་ཐར་བ་དང་།ཉེན་རྟོག་ཕྱོགས་ཀྱིས་ཁོ་ཚོ་འཛིན་བཟུང་བྱེད་བཞིན་ཡོད་ཟེར།

མིག་སྔར་རྩ་འཛུགས་གཅིག་གིས་ཀྱང་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་མ་བླངས། སྔོན་ཆད་སོ་མཱ་ལིའི་མངའ་ཁོངས་ཀྱི་ཐལ་སྤྱོད་རྩ་འཛུགས་ན་གཞོན་ཏང་ཞེས་པ་དེས་རྒྱུན་དུ་འཇབ་རྒོལ་དེའི་རིགས་སྤེལ་བཞིན་ཡོད། ཟླ་འདིའི་ཚེས་གཉིས་ཉིན། འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་ཁེན་ཉི་ཡའི་ཤར་ཕྱོགས་ཀྱི་ལཱ་མུའུ་ས་ཆའི་ཝེ་ཐུའུ་གྲོང་རྡལ་ནས་དྲག་ཆས་མི་སྣའི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་གསུམ་རྐྱེན་ལམ་དུ་ཤོར་ལ། ས་དེའི་དཔོན་རིགས་འཇབ་རྒོལ་དོན་རྐྱེན་དེ་ནི་ན་གཞོན་ཏང་གིས་བཟོས་པར་དོགས་པ་ཟ་ཡོད།

སོ་མཱ་ལིའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་ལ། ཉེ་བའི་ལོ་འགའི་རིང་སོ་མཱ་ལི་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ནས་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་སྤེལ་མྱོང་། ན་གཞོན་ཏང་རྩ་མེད་དུ་གཏོང་ཆེད། སོ་མཱ་ལིའི་བདེ་འཇགས་དམག་དཔུང་དང་ཨ་ཧྥེ་རི་ཁའི་མནའ་འབྲེལ་དམག་དཔུང་གིས་དམག་དོན་འགུལ་སྐྱོད་རབ་དང་རིམ་པ་སྤེལ་མྱོང་།