སོ་མ་ལེའི་རྒྱལ་ས་ནས་འགས་གཏོར་འཇབ་རྒོལ་དོན་རྐྱེན་གཉིས་བྱུང་སྟེ་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།
2018.02.24 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 0

 ཞིན་ཧྭ་གསར་འགྱུར་ཁང་གིས་ནོ་རོ་པེ་ནས་བཀོད་པའི་གསར་འགྱུར། མོ་ཀ་ཏེ་ཧྲ་ནས་འབྱོར་བའི་གནས་ཚུལ་ལྟར་ན། སོ་མ་ལེའི་རྒྱལ་ས་མོ་ཀ་ཏེ་ཧྲ་ནས་ཚེས་ཉེར་གསུམ་ཉིན་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་ལ་བྱུང་བ་དང་། དེའི་ནང་གི་འཇབ་རྒོལ་དོན་རྐྱེན་གཅིག་གི་དམིགས་འབེན་ནི་སོ་མ་ལེའི་ཙུང་ཐུང་བཞུགས་ཤག་རེད་ཟེར། མོ་ཀ་ཏེ་ཧྲའི་མྱུར་སྐྱོབ་མི་སྣས་བཤད་རྒྱུར། འཇབ་རྒོལ་དོན་རྐྱེན་དེ་གཉིས་ལས་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག་ཟེར།

སོ་མ་ལེའི་བདེ་འཇགས་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉིན་དེའི་དགོང་མོའི་དུས་ཚོད་དྲུག་ཡས་མས་སུ། དྲག་ཆས་མི་སྣས་ནང་དུ་འགད་རྫས་བཞག་པའི་རླངས་འཁོར་ཞིག་བཀོལ་ནས་སོ་མ་ལེའི་རྒྱལ་ཁབ་གསང་འཕྲིན་དང་བདེ་འཇགས་ལས་ཁུངས་ཀྱི་སྤྱི་ཁྱབ་ལས་ཁུངས་ཉེ་འདབས་ནས་འགས་གཏོར་བཏང་། སྐར་མ་བཅོ་ལྔ་ཙམ་གྱི་རྗེས་སུ། ཙུང་ཐུང་བཞུགས་ཤག་གི་ཕྱོགས་སུ་བགྲོད་པའི་རླངས་འཁོར་ཞིག་ཙུང་ཐུང་བཞུགས་ཤག་ཉེ་འདབས་ཀྱི་སྲང་ལམ་ནས་འགས་གཏོར་བཏང་། འགས་གཏོར་དོན་རྐྱེན་གཉིས་ལ་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་སོང་ཟེར།

མོ་ཀ་ཏེ་ཧྲའི་མྱུར་སྐྱོབ་རླངས་འཁོར་རུ་ཁག་ཅིག་གི་འགན་ཁུར་བ་ཨ་པུའུ་ཏུའུ་ཁ་ཏེ་ཨར་ཨ་པུའུ་ཏེ་ལ་ཧི་མན་གྱིས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། མྱུར་སྐྱོབ་མི་སྣས་སྡོམ་རྩིས་བྱས་པ་ལྟར་ན། འགས་གཏོར་དོན་རྐྱེན་གཉིས་ཀྱི་ཁྲོད་ནས་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་།མི་ཉི་ཤུ་ལ་རྨས་ཕོག རྨས་མ་རྣམས་མོ་ཀ་ཏེ་ཧྲའི་སྨན་ཁང་མང་པོར་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།
ས་དེའི་སྡོད་དམངས་ཀྱིས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། ཙུང་ཐུང་བཞུགས་ཤག་ཉེ་འདབས་ནས་འགས་གཏོར་བྱུང་རྗེས། སོ་མ་ལེའི་བདེ་འཇགས་དམག་དཔུང་དང་དྲག་ཆས་མི་སྣའི་བར་དུ་ཙུང་ཐུང་བཞུགས་ཤག་ཉེ་འདབས་ཀྱི་སྲང་ལམ་ནས་འཐབ་འཁྲུག་དྲག་པོ་བརྒྱབ་སོང་ཟེར། སོ་མ་ལེའི་བདེ་འཇགས་སྡེ་ཁག་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། ཉུང་མཐར་ཡང་དྲག་ཆས་མི་སྣ་གསུམ་བསད་པ་ཡིན་ཟེར།

མོ་ཀ་ཏེ་ཧྲའི་ཉེན་རྟོག་དཔོན་པོ་ཨེ་ཧ་མད་ཏི་ཨ་ཏུའུ་ཏུའུ་ལ་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བདེན་དཔང་བྱེད་རྒྱུར། དྲག་ཆས་མི་སྣ་སྐོར་ཞིག་གིས་ཉིན་དེའི་དགོང་མོར་སོ་མ་ལེའི་ཙུང་ཐུང་བཞུགས་ཤག་ལ་གློ་བུ་དུ་འཇབ་རྒོལ་བྱེད་རྩིས་བྱས་པས། དོགས་ཟོན་བྱས་ཡོད་པའི་བདེ་འཇགས་དམག་དཔུང་གིས་དེར་རྒོལ་ལན་སྤྲད་པ་མ་ཟད། དྲག་ཆས་མི་སྣ་འཚོལ་བཤེར་བྱས་ཟེར།