ཞིན་ཧྭ་གསར་འགྱུར་ཁང་གིས་ནེ་རོ་པེ་ནས་བསྒྲགས་པའི་གསར་འགྱུར། མོ་ཀ་ཏེ་ཧྲ་ནས་འབྱོར་བའི་གནས་ཚུལ་ལྟར་ན། སོ་མ་ལེའི་བདེ་འཇགས་སྡེ་ཁག་གི་འབྲེལ་ཡོད་མི་སྣས་ཚེས་ཉེར་བཞི་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་རྒྱལ་ས་མོ་ཀ་ཏེ་ཧྲ་ནས་ཚེས་ཉེར་གསུམ་ཉིན་བྱུང་བའི་རླངས་འཁོར་འགས་གཏོར་གྱི་འཇབ་རྒོལ་དོན་རྐྱེན་གཉིས་ཀྱི་ཁྲོད་ནས་རྐྱེན་ལམ་དུ་ཤོར་བའི་མི་གྲངས་སོ་གཉིས་ལ་བསླེབས་ཟེར།
སོ་མ་ལེའི་བདེ་འཇགས་སྡེ་ཁག་གི་མིང་བཤད་མི་འདོད་པའི་ཉེན་རྟོག་དཔོན་པོ་ཞིག་གིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། རྨས་མ་ཁ་ཤས་སྨན་ཁང་དུ་བསྐྱལ་རྗེས་སྨན་བཅོས་བྱས་ཀྱང་མ་ཕན་པར་རྐྱེན་ལམ་དུ་ཤོར་བས། འཇབ་རྒོལ་དོན་རྐྱེན་གཉིས་ཀྱི་ཁྲོད་ནས་ཉུང་མཐར་ཡང་མི་སོ་གཉིས་རྐྱེན་ལམ་དུ་ཤོར་ཟེར།
མོ་ཀ་ཏེ་ཧྲ་གྲོང་ཁྱེར་གྱི་ཧྲི་ཀྲང་ཨ་པུའུ་ཏེ་ལ་ཧི་མན་ཨོ་མ་ཨར་ཨོ་སི་མན་གྱིས་ཉིན་དེར་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། འདས་པོའི་ཁྲོད་དུ་སྐབས་དེར་སོ་མ་ལེའི་རྒྱལ་ཁབ་གསང་འཕྲིན་དང་བདེ་འཇགས་ལས་ཁུངས་སྤྱི་ཁྱབ་པུའུ་ཉེ་འདབས་ཀྱི་མཚོ་འགྲམ་ནས་ཕྱིར་རང་ཁྱིམ་དུ་འགྲོ་བའི་ན་གཞོན་ལོ་ཆུང་ཁ་ཤས་ཀྱང་ཡོད་ཟེར།
སོ་མ་ལེའི་བདེ་འཇགས་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཚེས་ཉེར་གསུམ་ཉིན་གྱི་དགོང་མོའི་དུས་ཚོད་དྲུག་ཡས་མས་སུ། དྲག་ཆས་མི་སྣས་ནང་དུ་འགད་རྫས་བཞག་པའི་རླངས་འཁོར་ཞིག་བསྐོར་ནས་སོ་མ་ལེའི་རྒྱལ་ཁབ་གསང་འཕྲིན་དང་བདེ་འཇགས་ལས་ཁུངས་སྤྱི་ཁྱབ་པུའུ་ཡི་ཉེ་འདབས་ནས་འགས་གཏོར་བཏང་། སྐར་མ་བཅོ་ལྔ་ཙམ་གྱི་རྗེས་སུ། ཙུང་ཐུང་བཞུགས་ཤག་གི་ཕྱོགས་སུ་བགྲོད་ལམ་རླངས་འཁོར་ཞིག་ཙུང་ཐུང་བཞུགས་ཤག་ཉེ་འདབས་ཀྱི་སྲང་ལམ་ཞིག་ནས་འགས་གཏོར་བཏང་། འགས་གཏོར་དོན་རྐྱེན་གཉིས་ཀའི་ཁྲོད་ནས་འགས་གཏོར་གྱི་སྒྲ་ཆེན་པོ་གྲགས་སོང་ཟེར།
མྱུར་སྐྱོབ་མི་སྣས་སྡོམ་རྩིས་བྱས་པ་ལྟར་ན། འགས་གཏོར་དོན་རྐྱེན་གཉིས་ཀྱི་ཁྲོད་ནས་ཉུང་མཐར་ཡང་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། མི་ཉི་ཤུ་ལ་རྨས་ཕོག རྨས་མ་རྣམས་མོ་ཀ་ཏེ་ཧྲའི་སྨན་ཁང་མང་པོར་བསྐྱལ་ནས་སྨན་བཅོས་བྱེད་བཞིན་ཡོད་ཟེར།
ས་དེའི་སྡོད་དམངས་ཀྱིས་གསར་འགྱུར་ལས་ཁུངས་ལ་བཤད་རྒྱུར། ཙུང་ཐུང་བཞུགས་ཤག་ཉེ་འདབས་ནས་འགས་གཏོར་བྱུང་རྗེས། སོ་མ་ལེའི་བདེ་འཇགས་དམག་དཔུང་དང་དྲག་ཆས་མི་སྣའི་བར་དུ་ཙུང་ཐུང་བཞུགས་ཤག་ཉེ་འདབས་ཀྱི་སྲང་ལམ་ནས་འཁྲུག་རྩོད་དྲག་པོ་བྱུང་ཟེར།
སོ་མ་ལེའི་བདེ་འཇགས་སྡེ་ཁག་གིས་བཤད་རྒྱུར། དྲག་ཆས་མི་སྣ་ལྔ་ཙུང་ཐུང་བཞུགས་ཤག་ཉེ་འདབས་ཀྱི་སྲང་ལམ་ནས་བསད་པ་དང་། སོ་མ་ལེའི་བདེ་འཇགས་མི་སྣ་ཞིག་ཀྱང་འཁྲུག་རྩོད་ཁྲོད་དུ་རྐྱེན་ལམ་དུ་ཤོར་ཟེར།
སོ་མ་ལེའི་ན་གཞོན་ཏང་གིས་ཚེས་ཉེར་གསུམ་ཉིན་གྱི་འགས་གཏོར་འཇབ་རྒོལ་དོན་རྐྱེན་དེ་གཉིས་ཁོ་ཚོས་བཟོས་པ་ཡིན་ཞེས་བསྒྲགས།
སོ་མ་ལེའི་ན་གཞོན་ཏང་ནི་རྟེན་གཞི་རྩ་འཛུགས་དང་འབྲེལ་བ་ཡོད་པའི་ཐལ་སྤྱོད་རྩ་འཛུགས་ཤིག་ཡིན་ལ།ཉེ་བའི་ལོ་འགའི་རིང་སོ་མ་ལེ་དང་དེའི་ཁྱིམ་མཚེས་རྒྱལ་ཁབ་ནས་འཇིགས་སྐུལ་འཇབ་རྒོལ་ཐེངས་མང་པོར་བསླངས་མྱོང་།