འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པས་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ་ཉོ་ཚོང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།
2018.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཨ་ཙེ་ཝེ་ཏའོ་ཡིས་ཚེས་ཉེར་གཅིག་ཉིན་ཡིག་ཐོག་གི་གསལ་སྒྲོག་སྤེལ་ཏེ། དཔལ་འབྱོར་ཚོགས་ཁག་སོ་སོས་འཛམ་གླིང་ཉོ་ཚོང་རྩ་འཛུགས་བརྒྱུད་དེ་འཛམ་གླིང་ཡོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱས་ནས། མིག་སྔའི་ཉོ་ཚོང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་དགོས་པའི་འབོད་སྐུལ་བཏང་།

རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཐབས་ཇུས་ལས་ཁུངས་རྒྱལ་སྤྱིའི་དངུལ་ལོར་ཨུ་ཡོན་ལྷན་ཁང་གིས་ཚེས་ཉེར་གཅིག་ཉིན་ཝ་ཧྲིན་ཐོན་ནས་པུའུ་ཀྲང་རིམ་པའི་གྲོས་ཚོགས་སྐབས་སོ་བདུན་པ་མཇུག་སྒྲིལ། ཨ་ཙེ་ཝེ་ཏའོ་ཡིས་ཉིན་དེར་གྲོས་ཚོགས་དེར་སྤྲད་པའི་ཡིག་ཐོག་གི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་མཉམ་ལས་དེ་ཉོ་ཚོང་གི་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་དཔལ་འབྱོར་གྱི་སྟོབས་དང་ལྡན་པའི་འཕར་སྣོན་ལ་སྲུང་སྐྱོབ་བྱེད་པར་གལ་འགངས་ཧ་ཅང་ཆེ་བ་དང་། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་དེའི་ཁྲོད་ནུས་པ་བཏོན་ཆོག་ཟེར།

ཨ་ཙེ་ཝེ་ཏའོ་ཡིས་བསྟན་དོན། གལ་ཏེ་འཛམ་གླིང་ཉོ་ཚོང་རྩ་འཛུགས་མེད་ན། ཉིས་སྟོང་བརྒྱད་ལོར་འཛམ་གླིང་ཡོངས་ཀྱི་དངུལ་ལོར་ཉམས་ཉེན་ལས་ཉོ་ཚོང་སྲུང་སྐྱོབ་རིང་ལུགས་ཀྱི་བྱེད་ཐབས་རབ་དང་རིམ་པ་བྱུང་སྟེ། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཉམས་རྒུད་དུ་སོང་བའི་ཤུགས་རྐྱེན་སྔར་ལས་མངོན་གསལ་ཡིན་སྲིད་ཟེར། ཁོས་ནན་གྱིས་བསྟན་དོན། སྒྲིག་སྲོལ་རྨང་གཞིར་བྱས་པའི་ཕྱོགས་མང་ཉོ་ཚོང་མ་ལག་གིས་འཛམ་གླིང་ཡོངས་ཀྱི་ཉོ་ཚོང་གཏན་འཇགས་ངང་འཁོར་སྐྱོད་བྱེད་པར་དགོས་ངེས་ཀྱི་གཏན་འཇགས་རང་བཞིན་དང་སྔོན་དཔག་རང་བཞིན་འདོན་སྤྲོད་བྱས་ཡོད་ལ། དེ་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་འཕར་སྣོན་ལ་རྒྱབ་སྐྱོར་གང་ལེགས་བྱེད་དགོས་ཟེར།

ཨ་ཙེ་ཝེ་ཏའོ་ཡིས་བཤད་རྒྱུར། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་ཚོགས་ཁག་གཙོ་བོའི་བར་གྱི་ཉོ་ཚོང་འབྲེལ་ཐག་ཆད་པ་ལས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་སླར་གསོ་བྱེད་པར་གཏོར་བརླག་ཐེབས་ཡོད་ལ། མིག་སྔའི་དཔལ་འབྱོར་རྒྱ་བསྐྱེད་ཐད་འཇིགས་ཉེན་ཐེབས་ཡོད་ཟེར།