ཨན་པའེ་ཅིན་སན་གྱིས་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ།
2018.04.22 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 1

འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་གཅིག་ཉིན་ནེ་ཀིའི་ཙུང་ལི་བློན་ཆེན་གྱི་མིང་ཐོག་ནས། འཛམ་གླིང་འཁྲུག་ཆེན་གཉིས་པའི་འཐབ་འཁྲུག་ཉེས་ཅན་ལ་མཆོད་བཀུར་བྱེད་པའི་ཅིན་གོ་ལྷ་ཁང་ལ་མཆོད་རྫས་ཕུལ།

ཅིན་གོ་ལྷ་ཁང་གིས་ཚེས་ཉེར་གཅིག་ཉིན་ནས་ཚེས་ཉེར་གསུམ་ཉིན་བར་དཔྱིད་ཀའི་མཆོད་འབུལ་ཆེན་མོ་སྤེལ་བཞིན་ཡོད་པ་རེད། ཉིན་དེར་ཨན་པའེ་ཅིན་སན་ཏུང་ཅིན་ཞིན་སུའུ་གླིང་གའི་ས་ཀར་མེ་ཏོག་གི་དགའ་སྟོན་ལ་ཞུགས། འཇར་པན་གསར་འགྱུར་ལས་རིགས་ཀྱིས་བསྟན་དོན། ཚོད་དཔག་བྱས་ན་ཨན་པའེ་ཅིན་སན་ཅིན་གོ་ལྷ་ཁང་ལ་མཇལ་རྒྱུ་མ་རེད།

ཨན་པའེ་ཅིན་སན་ཉིས་སྟོང་བཅུ་གསུམ་ལོའི་ཟླ་བཅུ་གཉིས་པར་ཅིན་གོ་ལྷ་ཁང་ལ་མཇལ་བའི་རྗེས་སུ་ཡང་བསྐྱར་མཇལ་མྱོང་མེད་ཀྱང་། ལོ་རེའི་དཔྱིད་ཀ་དང་སྟོན་ཁའི་རྒྱུན་ལྡན་གྱི་མཆོད་འབུལ་ཆེན་མོའི་སྐབས་སུ་མཆོད་རྫས་འབུལ་བཞིན་ཡོད་པ་རེད།