ཕུའུ་ཅིན་གྱིས་འཇར་མན་དུ་འཚམས་འདྲི་བྱས་ཏེ་མའོ་ཁི་ཨར་དང་མཉམ་དུ་གྲོས་གཞི་མང་བོར་གྲོས་བསྡུར་བྱས། 
2018.08.19 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 37


འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བཅོ་བརྒྱད་ཉིན་པའོ་ལིན་བྱང་ངོས་ཀྱི་མཱེ་ཙེ་པེ་ཀི་ཕོ་བྲང་མགྲོན་ཁང་ནས་འཚམས་འདྲིར་ཡོང་བའི་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་གྲོས་མོལ་བྱས། འཇར་མན་གྱི་ཙུང་ལིའི་བཞུགས་ཤག་གིས་ཉིན་དེར་བསྟན་དོན། ཕྱོགས་གཉིས་ཀྱིས་ཝུའུ་ཁི་ལན་གྱི་འཁྲུག་རྩོད་དང་སི་རི་ཡཱའི་གནད་དོན། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན། ཨུ་རུ་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་ལ་རང་བྱུང་སོལ་རླངས་འདོན་སྤྲོད་བྱེད་པ་སོགས་གྲོས་གཞིའི་ཐད་ནས་གྲོས་བསྡུར་བྱས། 

གྲོས་མོལ་མགོ་མ་བརྩམས་གོང་། མའོ་ཁི་ཨར་དང་ཕུའུ་ཅིན་གཉིས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས། ཝུའུ་ཁི་ལན་གྱི་གནད་དོན་ལ་དམིགས་ཏེ་མའོ་ཁི་ཨར་གྱིས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། མེན་སི་ཁིའི་གྲོས་མཐུན་ནི་སྔར་བཞིན་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་འཁྲུག་རྩོད་མཚམས་འཇོག་པའི་རྨང་གཞི་ཡིན་ཡང་། མིག་སྔའི་བར་ཡུན་རིང་དུ་འཁྲུག་རྩོད་མཚམས་འཇོག་པ་མངོན་འགྱུར་བྱུང་མེད་ཟེར། མའོ་ཁི་ཨར་གྱིས་ད་རུང་ཕུའུ་ཅིན་དང་མཉམ་དུ་ཝུའུ་ཁི་ལན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་སྲུང་སྐྱོབ་དམག་དཔུང་མངག་གཏོང་བྱེད་པར་གྲོས་བསྡུར་བྱས། ཁོ་མོས་ནན་གྱིས་བསྟན་དོན། འཇར་མན་གྱིས་འཇར་མན་དང་ཨུ་རུ་སི། ཝུའུ་ཁི་ལན། ཧྥ་རན་སི་བཅས་རྒྱལ་ཁབ་བཞིའི་མགོ་ཁྲིད་པ་ཞུགས་པའི་སྒྲོམ་གཞིའི་འོག་མུ་མཐུད་དུ་འགན་འཁྲི་ཁུར་དུ་ལེན་པར་གྲ་སྒྲིག་བྱས་ཡོད་ཟེར། 

ཕུའུ་ཅིན་གྱིས་མུ་མཐུད་དུ་འཇར་མན་དང་མཉམ་དུ་ཆབ་སྲིད་དང་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་འཕེལ་རྒྱས་ཐད་ནས་གཉིས་ཕན་མཉམ་ལས་སྤེལ་བ་དེ་ཨུ་རུ་སི་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་ནན་བཤད་བྱས། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་བསྟན་དོན། མུ་མཐུད་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལག་བསྟར་བྱེད་རྒྱུ་ཡིན་ཟེར།