དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་གྲོས་ཁང་གི་འདེམ་བསྐོའི་ཆེས་མཇུག་མཐའི་མཇུག་འབྲས་ལ་ཆོག་མཆན་བཀོད། 
2018.08.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 33


དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་ཚེས་བཅུ་དགུའི་ཉིན་ད་ལོའི་ཟླ་ལྔ་བའི་ཚེས་བཅུ་གཉིས་ཉིན་སྤེལ་བའི་རྒྱལ་དམངས་གྲོས་ཁང་གི་འདེམ་བསྐོའི་མཇུག་འབྲས་ལ་ཆོག་མཆན་འགོད་རྒྱུ་དང་། དབྱི་རག་གི་སྐབས་གསར་བའི་གྲོས་ཁང་དང་སྲིད་གཞུང་རྩ་འཛུགས་ཀྱི་བྱ་བ་དེ་དངོས་སུ་ཉིན་རིམ་གྲོས་གཞིའི་སྟེང་འདོན་རྒྱུ་ཐག་བཅད། 

དབྱི་རག་རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་མགྲིན་ཚབ་པ་སཱ་མུའུ་ཁི་ཡིས་ཚེས་བཅུ་དགུའི་ཉིན་གསལ་སྒྲོག་ཅིག་ལས་བཤད་རྒྱུར། རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གི་ཁོངས་མི་ཡོངས་ཀྱིས་ཉིན་དེར་གྲོས་ཚོགས་བསྡུས་ཏེ། སྒེར་ཚུགས་མཐོ་རིམ་འདེམ་བསྐོ་ཨུ་ཡོན་ལྷན་ཁང་གིས་སྤྲད་པའི་མཇུག་མཐའི་མཇུག་འབྲས་ལ་གྲོས་ཞིབ་བྱས་པ་དང་། བདམས་ཐོན་མི་སྣ་ཚང་མའི་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་རྗེས། རྒྱལ་ཕྲན་མཉམ་འབྲེལ་གྱི་ཆེས་མཐོའི་ཁྲིམས་ཁང་གིས་མཇུག་འབྲས་དེར་ཆོག་མཆན་འགོད་རྒྱུ་ཐག་བཅད་པ་རེད་ཟེར།