དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་ཉེར་དྲུག་ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་འཛིན་བཟུང་བྱས། 
2018.09.20 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 28


ཨ་ཧྥུའུ་ཧན་ཧཱ་མཱ་གསར་འགྱུར་ཁང་གིས་ཚེས་བཅོ་བརྒྱད་ཉིན་བསྒྲགས་པ་ལྟར་ན། རྒྱལ་ཁབ་དེའི་བདེ་འཇགས་སྡེ་ཁག་གིས་ཉེ་སྔོན་རྒྱལ་ས་ཁཱ་པོར་ནས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་མི་སྣ་ཉེར་དྲུག་འཛིན་བཟུང་བྱས་ཟེར། 

བསྒྲགས་པ་ལྟར་ན། བདེ་འཇགས་སྡེ་ཁག་གིས་ཉེ་སྔོན་ཁཱ་པོར་ནས་གཅིག་བསྡུས་ཀྱིས་འཛིན་བཟུང་འགུལ་སྐྱོད་ཐེངས་འགའ་སྤེལ་བ་དང་། ཐེངས་འདིའི་འཛིན་བཟུང་བྱས་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣ་དེ་དག་གིས་མི་འགྱངས་པར་ཐོན་ལ་ཉེ་བའི་ཧྲི་ཡེ་ཕྱོགས་ཁག་གི་མུའུ་སི་ལིན་གྱི་སྲོལ་རྒྱུན་དུས་ཆེན་ཨ་ཧྲུའུ་ལཱའི་སྐབས་སུ་འཇབ་རྒོལ་དོན་རྐྱེན་བཟོ་རྩིས་ཡོད་པ་རེད། 

བསྒྲགས་པ་ལྟར་ན། དྲག་ཆས་མི་སྣ་དེ་དག་ཉེ་སྔོན་ཞིང་ཆེན་གཞན་པ་ནས་ཁཱ་པོར་དུ་ཡོང་བ་རེད་ཟེར། དེ་ལས་གཞན་ཉུང་མཐར་ཡང་རྩ་འཛུགས་དེའི་དྲག་ཆས་མི་སྣ་བདུན་འདས་པའི་གཟའ་འཁོར་གཅིག་གི་རིང་ཤར་ཕྱོགས་ཀྱི་ནན་ཀི་ཧཱ་ཨར་ཞིང་ཆེན་ནས་འཛིན་བཟུང་བྱས་ཡོད་ལ། བདེ་འཇགས་སྡེ་ཁག་གིས་མི་དེ་དག་ལ་རྟོག་ཞིབ་གསལ་བོ་བྱེད་རྒྱུ་རེད།