ཕཱ་ཁི་སི་ཐན་གྱི་མེ་འཁོར་ཞིག་འཁོར་གསུམ་འཕྲུལ་རྟ་ཞིག་ལ་ཐོ་བརྒྱབ་སྟེ་མི་དགུ་རྐྱེན་ལམ་དུ་ཤོར། 
2018.10.17 ཁུངས། ཞིན་ཧྭ་གསར་འགྱུར་དྲ་བ། ཀློག་གྲངས། 27


ཕཱ་ཁི་སི་ཐན་ལྷོ་ཕྱོགས་ཀྱི་ཞིན་ཏི་ཞིང་ཆེན་ནས་འགྲུལ་བ་མང་བོ་དྲུད་པའི་འཁོར་གསུམ་འཕྲུལ་རྟ་ཞིག་ཚེས་བཅུ་དྲུག་ཉིན་གྱི་ཕྱི་དྲོར་ལྕགས་ལམ་བརྒལ་སྐབས་མེ་འཁོར་དང་ཐོ་བརྒྱབ་སྟེ། ཉུང་མཐར་ཡང་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཡོད། 

ས་དེའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། དོན་རྐྱེན་དེ་ཞིན་ཏི་ཞིང་ཆེན་གྱི་ཀིན་ཐི་གོ་ཏི་ས་ཁུལ་ནས་བྱུང་བ་དང་། སྐབས་ཐོག་དེར་འཁོར་གསུམ་འཕྲུལ་རྟ་ཞིག་དོ་དམ་མི་སྣ་མེད་པའི་ལྕགས་ལམ་གྱི་ལམ་ཁ་ཞིག་བརྒྱུད་སྐབས། མྱུར་མོར་བགྲོད་པའི་མེ་འཁོར་ལ་ཡོལ་ཐབས་མ་བྱུང་བར་དོན་རྐྱེན་དེ་བྱུང་བ་རེད། མིག་སྔར་རྨས་མ་དག་ས་དེའི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ཀྱང་། རྨས་སྐྱོན་ཕོག་པ་ཅུང་ཚབས་ཆེན་རེད། 

བསྒྲགས་པ་ལྟར་ན། དོན་རྐྱེན་བྱུང་སྐབས་འཁོར་གསུམ་འཕྲུལ་རྟ་དེ་ཐེག་ཚད་ལས་བརྒལ་ཡོད་པ་དང་། འགྲུལ་བ་མང་ཆེ་བ་ནི་བུད་མེད་དང་བྱིས་པ་རེད་ཟེར། 

དོན་རྐྱེན་དེ་ལས་ས་དེའི་ལྕགས་ལམ་འགྲིམ་འགྲུལ་གཏོར་བརླག་ཐེབས་ཏེ་མེ་འཁོར་གཏོང་ཐེངས་འགའ་འགོར་འགྱངས་བྱས་པ་རེད།